ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་རང་རྒྱལ་གྱི་རྩྭ་ཐང་ཇེ་ཞན་དུ་འགྱུར་ཚད་ལོ་རེར་ཆ་སྙོམས་མུའུ་བྱེ་བ་ལྔ་ཇེ་ཉུང་དུ་སོང་།
2025.07.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་རྒྱལ་ཁབ་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ། རང་རྒྱལ་གྱི་རྩྭ་ཐང་སྐྱེ་ཁམས་ཀྱི་སྤུས་ཚད་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁེབས་ཚད་བརྒྱ་ཆའི་ལྔ་བཅུའི་ཡན་དུ་སླེབས་ལ། ཞན་འགྱུར་རྩྭ་ཐང་ལོ་རེར་ཆ་སྙོམས་ཀྱིས་མུའུ་བྱེ་བ་ལྔ་ཇེ་ཉུང་དུ་ཕྱིན་པ་དང་། ལོ་རེའི་རྩྭ་གསར་མའི་ཐོན་ཚད་ཏུན་དུང་ཕྱུར་དྲུག་ལས་བརྒལ།

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཚུན་དུ། རང་རྒྱལ་གྱི་ཞིང་ཆེན་དང་ས་ཁུལ་གཙོ་བོའི་ཕྱུགས་ཟོག་ཤོང་ཚད་ལས་བརྒལ་ཚད་རིམ་བཞིན་མར་ཆག དེ་དང་ཆབས་ཅིག་ཏུ། རྒྱལ་ཡོངས་ཀྱི་རྩྭ་ཐང་ཉམས་གསོ་བཅོས་སྐྱོང་བྱེད་ཚད་མངོན་གསལ་སྒོས་ཇེ་མགྱོགས་སུ་ཕྱིན་ལ། ལོ་རེའི་ཆ་སྙོམས་ཀྱི་ཉམས་གསོ་རྒྱ་ཁྱོན་མུའུ་བྱེ་བ་བཞི་ཡན་དུ་གཏན་འཇགས་བྱས་ཡོད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་ཀྱི་རིན་ཐང་སྒོར་ཁྲག་ཆེན་ལྔ་ཡས་མས་ལ་སླེབས་ཡོད།

རྩྭ་སོན་གྱི་མཁོ་སྤྲོད་མི་འདང་བའི་གནད་དོན་ཡང་ཐག་བཅད་པ་དང་། ལོ་མང་སྐྱེ་བའི་སྐྱེ་ཁམས་རྩྭ་སོན་གྱི་མཁོ་སྤྲོད་ནུས་པ་ཏུན་ཁྲི་གཉིས་དང་སྟོང་ལྔར་སླེབས། གཞན་ཡང་། རྩྭ་ཐང་གི་སྲིད་ཇུས་དང་ལག་རྩལ་གྱི་འདེགས་སྐྱོར་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། རོང་འབྲོག་ཁྱིམ་ཚང་བྱེ་བ་གཅིག་དང་ས་ཡ་དྲུག་ལ་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་བརྟན་པོ་ཐོབ་ལ། རོང་འབྲོག་མང་ཚོགས་སྔར་ལས་མང་པོས་བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་ཁྲོད་ཁེ་ཕན་རེག་ཐུབ་པར་བྱུང་།