རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྩེ་ཁོག་ལུག་གི་ཚོང་རྟགས་གྲགས་ཅན་བསྐྲུན།
2025.07.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས10ཉིན། རྩེ་ཁོག་རྫོང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འཕྲིན་ལས་དབང་ཆེན་གྱིས་བཤད་རྒྱུར།  ཅང་མ་འགོར་བའི་སྔོན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་རྩེ་ཁོག་ལུག་གིས་ཁྱད་ལྡན་སྤུས་ཀ་དང་ས་ཁོངས་ཁྱད་ཆོས་ལ་བརྟེན་ནས2025ལོའི་རྒྱལ་ཡོངས་ཁྱད་ལྡན་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཀྱི་སྐོར་ཁག་དང་པོའི་མིང་ཐོའི་ཁྲོད་བདམས་ཐོན་བྱུང་བས། རྩེ་ཁོག་ལུག་གི་ཚོང་རའི་འགྲན་རྩོད་ནུས་པ་ཤུགས་དྲག་ཏུ་བཏང་བར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་ཅིང་། རྫོང་ཡོངས་ཀྱི་ཕྱུགས་ལས་མགྱོགས་མྱུར་ངང་ཚད་གཞི་ཅན་གྱི་གསོ་སྐྱོང་དང་། སྒྲིག་གཞི་ཅན་གྱི་ཚོང་གཉེར། ཚོང་རྟགས་ཅན་གྱི་འཕེལ་རྒྱས་ཕྱོགས་སུ་ཚུལ་སྒྱུར་ཐུབ་པར་སྐུལ་འདེད་བཏང་ཡོད་ཅེས་རྩེ་ཁོག་ལུག་གི་ཐོན་ལས་འཕེལ་རྒྱས་ཀྱི་རེ་མདུན་གླེང་བྱུང་།

རྩེ་ཁོག་རྫོང་གི་མིང་དུ་གྲགས་པའི་ཁྱད་ལྡན་ཕྱུགས་རིགས་ཤིག་ཡིན་པའི་ཆ་ནས། རྩེ་ཁོག་ལུག་གིས་ས་གནས་དེ་གའི་རོང་འབྲོག་མང་ཚོགས་ཀྱི་ཡོང་འབར་འཕར་བའི་རེ་འདུན་ཕྲག་ཏུ་ཁུར་ཡོད་ལ། རྫོང་ཡོངས་ཀྱིས་སྤུད་ཚད་ཡོད་པའི་ཕྱུགས་ལས་དར་སྤེལ་དང་ཞིང་ཕྱུགས་ཚོང་རྟགས་གྲགས་ཅན་བསྐྲུན་པའི་བགྲོད་ལམ་འཚོལ་ཞིབ་བྱེད་བཞིན་པ་མཚོན་ཡོད། ལོ་ངོ་མང་པོའི་རིང་ལ། རྩེ་ཁོག་རྫོང་གིས་ཐོག་མཐའ་བར་གསུམ་དུ་རྩེ་ཁོག་ལུག་གི་རྒྱུད་བཟང་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ། རྒྱུད་བཟང་སྲུང་སྐྱོང་སྤུས་འདེགས་དང་ཚད་གཞི་ཅན་གྱི་ཐོན་སྐྱེད། ཚོང་རྟགས་གསོ་སྐྱོང་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། མཐོ་སྒང་གི་ཁྱད་ལྡན་ཕྱུགས་རིགས་འདིའི་འཕེལ་ཁ་དར་བར་བྱེད་དགོས། དུས་མཉམ་དུ། ཁས་ལེན་དཔང་ཡིག་ལེན་པའི་བྱ་བར་སྐུལ་འདེད་གཏོང་བ་དང་། མིག་སྔར་རྩེ་ཁོག་ལུག་འབུམ་ལྔ་ཁྲི་གསུམ་དང་སྟོང་གཉིས་སུམ་བརྒྱས་ཐོན་རྫས་ཁས་ལེན་དཔང་ཡིག་བླངས་པ་བརྒྱུད། ཐོན་རྫས་སྤུས་ལེགས་ཀྱི་ཚོང་རྟགས་གྲགས་ཆན་བསྐྲུན་པར་ནུས་ཤུགས་བཏོན་ཡོད།

རྒྱུད་བཟང་སྲུང་སྐྱོབ་བྱེད་པའི་སྟེང་། རྩེ་ཁོག་རྫོང་གིས་རྒྱུད་བཟང་གསོ་སྤེལ་ར་བ་བཙུགས་ཏེ། རྩེ་ཁོག་ལུག་གི་རྒྱུད་བཟང་སྲུང་སྐྱོབ་དང་། གསོ་སྐྱོང་ཁྱབ་གདལ་དུ་གཏོང་བར་དམིགས་ནས། རྩེ་ཁོག་ལུག་འདེམ་གསོ་དང་གསོ་སྤེལ་ལས་དོན་ཚད་ལྡན་ཅན་དུ་བཏང་། ཤར་ཕྱོགས་ས་ཁུལ་དང་དབུས་ཁུལ་གྱི་གསོ་སྤེལ་ས་ཁུལ་དུ། ཤ་ཤེད་རྒྱས་ཤིང་རྒྱུད་བཟང་སྤུས་ལེགས་ཀྱི་རྩེ་ཁོག་ལུག་འདེམ་པ་དང་། ཚན་རིག་དང་མཐུན་པར་ཚོགས་སྒྲིག་གསོ་སྤེལ་བྱས་ལ། རིམ་བཞིན་སྤུས་ལེགས་རྒྱུད་བཟང་གི་རྩེ་ཁོག་ལུག་ཁྱུ་གྲུབ་པར་བྱས་ནས། ཕྱུགས་རྒྱུད་དག་ཅིང་སྤུས་ཀ་ལེགས་པར་འགན་སྲུང་བྱས།

ཐོན་སྐྱེད་གོ་རིམ་དང་བརྒྱུད་རིམ་ཚོད་འཛིན་ཐུབ་པ་ནི་རྩེ་ཁོག་ལུག་གི་སྤུས་ཀ་དག་པའི་འགན་སྲུང་བརྟན་པོ་ཞིག་རེད། རྩེ་ཁོག་རྫོང་གིས་ནོར་གནག་དང་བོད་ལུག་གི་ཐོན་གནས་ཁུངས་འདེད་དང་གསོ་སྤེལ་དོ་དམ་མ་ལག་གི་སྟེགས་བུ་དང་མཉམ་ལས་ཁང37བཙུགས་པ་དེས་ཆ་འཕྲིན་བསྡུ་ལེན་ས་ཚིགས་བཀོད་སྒྲིག་བྱས་ཏེ། རྩེ་ཁོག་ལུག་ཐོན་སྐྱེད་ཚོང་གཉེར་དང་ཐོན་རྫས་ཀྱི་ཁུངས་འདེད་ཐུབ་པ་མངོན་འགྱུར་བྱུང་།

ཚོང་རྟགས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བཏོན་ནས་རྩེ་ཁོག་ལུག་གི་མིང་གྲགས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་། རྩེ་ཁོག་རྫོང་གིས་རྩེ་ཁོག་གི་སྤུས་ལེགས་ཕྱུགས་ལས་ཐོན་རྫས་ཁུལ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་ནུས་ཤུགས་ཡོད་དགུས་བསྐྲུན་ཏེ། རྣམ་པ་སྣ་མང་གི་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་དང་། དྲ་ལམ་དང་ཡུལ་དངོས་མཉམ་འགུལ་གྱི་འགྲེམ་སྦྱོར་སོགས་ཀྱི་བྱེད་ཐབས་བརྒྱུད། ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ཁྱབ་རྒྱ་མུ་མཐུད་ཆེ་རུ་བཏང་།

རྩེ་ཁོག་རྫོང་གིས་རྒྱལ་ཡོངས་ཁྱད་ལྡན་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཀྱི་དཔེ་སྟོན་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། རྩེ་ཁོག་ལུག་གི་ཐོན་ལས་འདེགས་གཞི་བྱས་པར་བརྟེན། རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་པའི་ལས་དོན་སྐས་རིམ་གསར་པར་སླེབས་པར་བྱས་ཤིང་། གྲོང་གསེབ་དར་སྤེལ་ཐད་སྒུལ་ཤུགས་དྲག་པོ་བསྣན་ནས། ལྗང་མདོག་སྐྱེ་ལྡན་གྱི་མཐོ་སྒང་གི་ཐོན་རྫས་མཚོ་སྔོན་གྱི་ས་ཆ་སོ་སོར་ཁྱབ་པ་དང་། རྒྱལ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།