གཏེར་ལེན་ཁའི་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱིས་དམངས་ཚིས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་།
2025.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས8ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དབྱི་ཅིན་གཞིས་ཁུལ་བསྒྱུར་བཀོད་ཡུལ་དངོས་སུ་བྲེལ་འཚུབ་ཀྱི་རྣམ་པ་མངོན་ཞིང་། ད་ལོའི་བསྒྱུར་བཀོད་ལས་གཞིའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། གཞིས་ཁུལ་དེའི་བྱང་ཁུལ་དང་ལྷོ་ཁུལ། ཤར་ཁུལ་གྱི་སྡོད་དམངས་ཐོག་ཁང་རེ་བཞི་ལ་ཕྱོགས་ཡོངས་ནས་བསྒྱུར་བཀོད་བྱེད་རྒྱུ་ཡིན་པ་དང་། ཁྱིམ་ཚང་སྟོང་གཉིས་དང་སུམ་བརྒྱ་ཉི་ཤུའི་སྡོད་དམངས་ལ་ཕན་འདོགས་ཐུབ་རྒྱུ་རེད། བསྒྱུར་བཀོད་ཀྱི་ནང་དོན་ཐད་ནས་གྱང་ཕྱིའི་དྲོད་སྲུང་དང་ཁང་ངོས་ཆུ་འགོགས་སོགས་ཀྱི་བཟོ་སྐྲུན་འདུ་བ་དང་། དུས་མཚུངས་སུ་ཆུ་འདོན་སྦུག་དྲ་བསྒྱུར་བཀོད་དང་ལུད་རྫིང་དྲུག་གསར་སྐྲུན་བྱེད་པ། ཁང་བ334ཡི་ས་འོག་ཁང་བ་རྡིབ་པ་ཉམས་གསོ་བྱེད་པ་སོགས་ཀྱི་རྨང་གཞི་སྒྲིག་ཆས་རིམ་སྤོར་བཟོ་སྐྲུན་ལག་བསྟར་བྱེད་རྒྱུ་ཡིན་ལ། བསྒྱུར་བཀོད་ཡོངས་འགྲུབ་བྱས་རྗེས་གཞིས་ཁུལ་གྱི་བདེ་སྡོད་སྤུས་ཀ་སྤྱི་ཁོག་ནས་ཇེ་ལེགས་སུ་འགྲོ་རྒྱུ་རེད།

སྡོད་ཁང་གནད་དོན་དེ་དམངས་ཚིས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པས། གཏེར་ལེན་ཁ་གྲོང་ཁྱེར་གྱིས་རྣམ་པ་རྙིང་བ་གསར་བར་བརྗེ་བའི་དམིགས་འབེན་ལ་དམིགས་པ་དང་། ལོ་ལྔའི་བསྒྱུར་བཀོད་འཆར་གཞི་གཏན་འབེབས་བྱེད་པ་བརྒྱུད་དེ། གནད་དོན་གྱི་ཁྲིད་ཕྱོགས་དང་དགོས་མཁོའི་ཁྲིད་ཕྱོགས་ཀྱི་ཟུང་འབྲེལ་སྒུལ་ཁྲིད་ལ་བརྟེན་ནས། སྡོད་དམངས་ཀྱི་དགོས་མཁོ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། བསྒྱུར་བཀོད་ཇུས་གཞི་སྒྲིག་བཟོ་བྱས་ཏེ། གཞིས་ཁུལ་རྙིང་བ་ཚང་མ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་། 2019ལོ་ནས2024ལོའི་བར་དུ་གཞིས་ཁུལ་རེ་དགུ་བསྒྱུར་བཀོད་བྱས་པ་དང་། ད་ལོར་དབྱི་ཅིན་གཞིས་ཁུལ་སོགས་གཞིས་ཁུལ་བཅུ་གཉིས་བསྒྱུར་བཀོད་བྱེད་འགོ་བརྩམས་ནས། སྡོད་དམངས་སྟོང་བཞི་ལྷག་ལ་ཕན་བཏགས་པ་དང་། མིག་སྔར་གཞིས་ཁུལ་བཞི་བསྒྱུར་བཀོད་བྱེད་བཞིན་པའི་སྒང་རེད།

རིན་ཆེན་མཚོས་བསྒྱུར།