ཚྭ་ཁའི་མཛེས་ལྗོངས་ཁུལ་གྱི་ད་ལོའི་ཡུལ་སྐོར་བ་མི་གྲངས་ས་ཡ་གཅིག་ལས་བརྒལ།
2025.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས12ཉིན་གྱི་དུས་ཚོད16བར་དུ། ཚྭ་ཁ་མཚེའུ་མཛེས་ལྗོངས་ཁུལ་གྱིས2025ལོར་ཡུལ་སྐོར་བ་ས་ཡ་གཅིག་བསུས།

ཉིན་དེའི་ཕྱི་དྲོར།  ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་ལས་བྱེད་མི་སྣ་སྔ་མོ་ནས་ཞབས་ཞུའི་ལྟེ་གནས་སུ་ཡོང་ནས་ཡུལ་སྐོར་བར་སྒུག་འདུག  པེ་ཅིང་ནས་ཡོང་བའི་སྐུ་ཞབས་ལིས་ནི་ད་ལོའི་ཡུལ་སྐོར་བ་ས་ཡ་གཅིག་ལ་བུད་པའི་ཨང་གྲངས་དེ་ཐོབ་མཁན་ཡིན་པའི་ཆ་ནས། ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་སྐུ་ཞབས་ལིས་ཚང་གི་ཁྱིམ་མི་རྣམས་ལ་དགའ་བསུ་ཞུ་བའི་ལེགས་སྐྱེས་ཕུལ།

མཚོ་སྔོན་ཚྭ་ཁ་ཚྭ་མཚེའུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལས་འཛིན་པའི་ལས་རོགས་ཉིའུ་ཅི་དབྱིན་གྱིས། ཟླ7པའི་ཚེས12ཉིན་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་ལོ་གཅིག་གི་ཡུལ་སྐོར་བ་ས་ཡ་གཅིག་ལས་བརྒལ་ཞིང་དེ་ན་ནིང་ལས་ཉིན7གྱིས་སྔ་ཟེར།

ཉེ་བའི་ལོ་ཤས་རིང་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་བསྐྲུན་པ་དང་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་རྒྱུ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། མཛེས་ལྗོངས་ཁུལ་དུ་རིག་ནུས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རིག་ནུས་ལྟ་སྐོར་མ་ལག་དང་རིག་ནུས་ཡུལ་སྐོར་ཉམས་ལེན་ལྟེ་གནས་གསར་དུ་བསྣན་ནས།  ཚན་རྩལ་ལ་བརྟེན་ནས་ཡུལ་སྐོར་གྱི་བརྒྱུད་རིམ་ཡོངས་ཀྱི་ཞབས་ཞུ་ཇེ་ལེགས་སུ་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།