ཟླ7པའི་ཚེས9ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རུ་གཙོ་གཞོན་པ་ཞུའེ་ཉིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། རླངས་འཁོག་འཇོག་ས500གསར་དུ་བསྣན་ནས་སྡོད་དམངས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་བཅད་པར་མ་ཟད། རྒྱུན་ལྡན་གྱི་འགྲིམ་འགྲུལ་སྒྲིག་གཞི་ཐད་ཀྱི་ཤུགས་རྐྱེན་ངན་པ་སེལ། འདི་ནི་ང་ཚོས་རྒྱུན་མཐུད་ངང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་རྒྱུན་བསྐྱངས་ནས་བསམ་པ་རྣམ་དག་གིས་མི་དམངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་བསྒྲུབས་པའི་གསོན་ཉམས་དོད་པའི་ལག་ལེན་ཡིན་ཟེར།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཐུན་རིན་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་བླང་བྱ་ལྟར་དུ། རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་དེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་གཞི་འཛིན་སར་བྱས་ཏེ། མང་ཚོགས་ཀྱི་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ཐག་བཅད་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ནུས་ཕྱོད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཆེད་དུ་བདེ་འཇགས་དང་གེགས་མེད་ཤར་བགྲོད། སྒྲིག་གཞི་ཡོད་པའི་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བསྐྲུན།
མང་ཚོགས་ཀྱིས་བཤད་པའི་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ལ་དམིགས་ནས་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་བྱ་ཁྱུང་ལམ་དང་སོག་རྫོང་ལྷོ་བྱང་ལམ། པེན་ཧུ་ལམ། གཅན་ཚ་ལམ། རྩེ་ཁོག་ལམ་སོགས་ལམ་མཚམས་སུ་རླངས་འཁོར་འཇོག་ས500བཀོད་སྒྲིག་བྱས་ལ། དེ་དང་མཉམ་དུ་བྱེ་བྲག་གི་དོ་དམ་བྱེད་ཐབས་ལག་བསྟར་བྱས། གཞུང་ལམ་གཙོ་བོའི་ཤར་བགྲོད་ལ་ཤུགས་རྐྱེན་མི་ཐེབས་པའི་ཆ་རྐྱེན་འོག རླངས་འཁོར་དག་གཟའ་མཇུག་དང་དགོང་མོའི་དུས་སུ་གནས་སྐབས་ལ་བཞག་ཆོག་པ་དང་། རླངས་འཁོར་ཁྲིམས་འགལ་ངང་བཞག་པའམ་གཞན་པའི་འགྲོ་ལམ་བཅད་མེད་པའི་ཆ་རྐྱེན་འོག་བརྡ་འཕྲིན་བསྐུར་ནས་བཅོས་སྐྱོང་བྱས་ཏེ་འགྲིམ་འགྲུལ་གྱི་སྒྲིག་གཞིར་སྲུང་སྐྱོབ་བྱེད་པ་དང་མང་ཚོགས་ཀྱི་རླངས་འཁོར་ལུགས་མཐུན་ངང་འཇོག་པའི་དགོས་མཁོ་བསྐངས།
མིག་སྔའི་བར་དུ་ཐུན་རིན་གྲོང་ཁྱེར་གྱི་མཁར་གྲོང་དུ་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ཐག་བཅད་ནས། མང་ཚོགས་སྒོ་ཕྱི་ལ་འགྲོ་བར་སྟབས་བདེ་བསྐྲུན་པ་དང་ཡིད་ཚིམ་ཚད་མཐོ་རུ་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ཕན་གྱི་ཕན་འབྲས་ངོ་མར་བསྒྱུར།
མི་ཕམ་མགོན་པོས་བསྒྱུར།