ཟླ7པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་གཞི་གྲངས་ཁྱབ་བསྒྲགས་བྱས་ནས། ཟླ་དྲུག་པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་མཁར་གྲོང་གི་མ་མཐའི་འཚོ་བར་འགན་སྲུང་བྱེད་པ་དང་ཧ་ཅང་དཀའ་ཁག་ཆེ་བའི་གཉོར་སྐྱོང་མི་སྣ་འབུམ་གསུམ་དང་ཁྲི་བདུན་ལྔ་བརྒྱ་ཡོད་པ་དང་། མི་ཁྲི་བཞི་དང་སྟོང་གཅིག་བརྒྱད་བརྒྱ་ལ་གནས་སྐབས་རོགས་སྐྱོར་བྱས་ལ། བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་ལྔ་ས་ཡ་ལྔ་བཏང་།
མཚོ་སྔོན་གྱིས་རིམ་དབྱེ་རིགས་བགོས་ཀྱི་སྤྱི་ཚོགས་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་པ་དང་། མཁྲེགས་བརྟན་འགྲོ་གྲོན་ཐད་ནས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ངོས་འཛིན་ཚད་གཞི་དང་བརྒྱུད་སྒྲུབ་གོ་རིམ་ཚད་ལྡན་དུ་བཏང་ལ། གཞི་རྩའི་འཚོ་བའི་རོགས་སྐྱོར་དང་ཆེད་དམིགས་སྤྱི་ཚོགས་རོགས་སྐྱོར་སོགས་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་ཏེ། མཁྲེགས་བརྟན་འགྲོ་གྲོན་ཐད་ནས་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ནུས་ཤུགས་མཐོར་འདེགས་སུ་བཏང་། མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཀྱི་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་མཐོར་འདེགས་གཏོང་བར་ཁག་ཐེག་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས2025ལོའི་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་གཏན་ཁེལ་ལེགས་སྒྲིག་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་པ་དང་། དེའི་ཁྲོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་སྙོམས་ཀྱི་ཚད་གཞི་ལོ་སྔོན་མ་དང་བསྡུར་ན་ཟླ་རེར་སྒོར་སོ་དགུ་ཇེ་མཐོར་བཏང་བ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཆ་སྙོམས་ཀྱི་ཚད་གཞི་ལོ་སྔོན་མ་དང་བསྡུར་ན་ལོ་རེར་སྒོར་བརྒྱ་དང་སོ་གཉིས་ཇེ་མཐོར་སོང་ཡོད།
དྲ་གཅིག་མཛོད་གཅིག་དང་སྟེགས་བུ་གཅིག་གི་རིག་སྟོབས་རོགས་སྐྱོར་མ་ལག་བཙུགས་པ་དང་། སྤྱི་ཚོགས་རོགས་སྐྱོར་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཡོང་འབབ་དམའ་བའི་མི་གྲངས་ཀྱི་འགུལ་རྣམ་ལྟ་ཞིབ་ཆ་འཕྲིན་སྟེགས་བུ་རིམ་སྤོར་བསྒྱུར་བཀོད་བྱས་ལ། ཕྱོགས་ཡོངས་ཀྱི་ལྟ་ཞིབ་སྔོན་བརྡའི་མ་ལག་བཙུགས། པུའུ་དང་ཞིང་ཆེན་གྱི་གཞི་གྲངས་བརྗེ་རེས་རྣམ་པ་ལེགས་བསྒྱུར་བྱས་པ་དང་། སྡེ་ཁག་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད་མངོན་འགྱུར་བྱས་ལ། ཡོང་འབབ་དམའ་བའི་མི་གྲངས་ལ་ངོས་འཛིན་གནད་ལ་འཁེལ་བ་བྱས་ནས། ཞིང་ཆེན་ཡོངས་ཀྱི་འགུལ་རྣམ་ལྟ་ཞིབ་ཀྱི་དྲ་བ་གྲུབ་པར་བྱས། རོགས་སྐྱོར་ཆ་འཕྲིན་སྟེགས་བུའི་རྩོལ་ནུས་ལེགས་བསྒྱུར་བྱས་པ་དང་། རིམ་པ་བགོས་ནས་དོ་དམ་བྱེད་པ་དང་དགོས་མཁོ་ལྟར་ཆ་འཕྲིན་བརྒྱུད་སྐྱེལ་བྱེད་པ། རིགས་བགར་ནས་རོགས་སྐྱོར་བྱེད་པ། མཇུག་འབྲས་ཡར་ཞུ་བྱེད་པ་སོགས་ཀྱི་གདུབ་ཟུམ་འཁོར་རྒྱུག་རྐྱེན་སྲོལ་བཙུགས་ལ། ཁྱིམ་གཅིག་དང་ཡང་ན་མི་གཅིག་གི་གདུབ་ཟུམ་རོགས་སྐྱོར་ཕྲེང་འབྲེལ་གསར་སྐྲུན་བྱས།
སྤྱི་ཚོགས་རོགས་སྐྱོར་གསར་གཏོད་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྟོས་ཤུགས་ཡོད་རྒུས་སྲིད་ཇུས་སྣ་གཉིས་ཀྱི་སྦྲེལ་མཐུད་མཉམ་སྒྲིལ་དང་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོར་དང་དགེ་སྒྲུབ་རོགས་སྐྱོར་དང་ཏང་འཛུགས་དང་སྤྱི་ཚོགས་རོགས་སྐྱོར། ཞིང་ཆེན་ཁྱབ་ཁོངས་ནང་གི་སྡོད་གནས་ནས་མ་མཐའི་འཚོ་བའི་འགན་སྲུང་གི་སྙན་ཞུ་འབུལ་བ་སོགས་ཀྱི་སྤྱི་ཚོགས་རོགས་སྐྱོར་ཚོད་ལྟའི་བྱ་བར་སྐུལ་འདེད་བཏང་ལ། སྲིད་ཇུས་སྣ་གཉིས་ཀྱི་སྦྲེལ་མཐུད་མཉམ་སྒྲིལ་ཚོད་ལྟའི་ས་ཁུལ་དེ་རྫོང་གཉིས་ནས་རྫོང་བཅུ་དྲུག་ལ་ཁ་སྣོན་བྱས་ཏེ། གྲོང་ཁྱེར་དང་ཁུལ་བརྒྱད་དུ་ཡོངས་ཁེབས་བྱས།
གཞི་རིམ་གྱིས་རོགས་སྐྱོར་ཁྱབ་ཁོངས་ཀྱི་རེ་ཞུ་ཚད་ལྡན་མིན་པ་དང་མཆན་འགོད་དུས་ཚོད་བརྒལ་བ། སྲིད་ཇུས་ཐད་ནས་དབྱེ་བ་མི་འབྱེད་པ་སོགས་སྤྱི་ཚོགས་རོགས་སྐྱོར་ཁྱབ་ཁོངས་ཀྱི་དཀའ་ཁག་གནད་དོན་གཙིགས་འཛིན་བྱེད་པར་མཛུབ་སྟོན་བྱས་པ་དང་། གནད་དོན་འཚོལ་བ་དང་དག་ཐེར་ལེགས་བཅོས་བྱེད་པ། རྗེས་འདེད་འབྲས་བརྩོན་བྱེད་པའི་གདུབ་ཟུམ་རྐྱེན་སྲོལ་བཙུགས་ལ། སྟོབས་ཤུགས་ཡོད་རྒུས་སྤྱི་ཚོགས་རོགས་སྐྱོར་བྱ་བ་སྔར་ལས་ཚད་ལྡན་དང་གནད་ཕིགས། ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ནས། དཀའ་ཁག་མང་ཚོགས་ཀྱི་ཁེ་ཕན་གཙོ་བོར་འགན་སྲུང་བྱས།
རིན་ཆེན་མཚོས་བསྒྱུར།