ད་ལོར། རང་ཞིང་གིས“ལས་སྐྲུན་གྱི་འགུལ་སྐྱོད་བཅུ”ཕྱོགས་ཡོངས་ནས་སྤེལ་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་པ་ཞོར་ལས་པ། ལས་ཞུགས་ཀྱི་དཀའ་ངལ་ཡོད་པའི་མི་སྣ་སོགས་ཁྱུ་ཚོགས་ཀྱི་ལས་སྐྲུན་གཙོ་གནད་དུ་བཟུང་ནས་རོགས་སྐྱོར་བྱས། བྱེད་ཐབས་དེའི་དམིགས་ཡུལ་ནི་སྲིད་གཞུང་གི་སྐུལ་ལྕག་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། ངལ་རྩོལ་པའི་ལས་སྐྲུན་སྤྲོ་བ་བསྐྱེད་པ་བཅས་བྱས་ཏེ། ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་ཆགས་པར་བྱ་རྒྱུ་དེ་རེད།
འགུལ་སྐྱོད་བཅུའི་ནང་བྱེ་བྲག་ཏུ་ལས་སྐྲུན་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། གཙོ་གནད་ཁྱུ་ཚོགས་གསོ་སྐྱོང་བྱེད་པ། ངལ་ལས་ཟོང་རྟགས་འཕེལ་རྒྱས་སུ་གཏོང་བ། ལས་སྐྲུན་ཞབས་ཞུར་སྲུང་སྐྱོང་བྱེད་པ། ལས་སྐྲུན་གསོ་སྦྱོང་ནུས་སྐྱེད། ལས་སྐྲུན་སྲིད་ཇུས་ལ་སྐུལ་འདེད་གཏོང་བ། ལས་སྐྲུན་བྱེད་སྒོར་རོགས་སྐྱོར་བྱེད་པ། དངུལ་རྩའི་ཐོན་རྫས་ལ་རོགས་འདེགས་བྱེད་པ། ལས་སྐྲུན་གཞི་རྟེན་འཛུགས་པ། སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་བཅས་ཚུད་ཡོད།
ལས་སྐྲུན་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐད། མཚོ་སྔོན་ཞིང་ཆེན་གྱིས་ཚོང་དོན་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། མཚོ་སྔོནeལས་ཞུགས་ཀྱི་ཟོང་རྟགས་བསྐྲུན་ནས། ཁྲོམ་རའི་གཙོ་གནད་ཐོ་འགོད་རིམ་པ་ཇེ་ལེགས་སུ་བཏང་སྟེ། ཕན་ནུས་མཐོ་བའི་ལས་སྒྲུབ་ཞབས་ཞུ་ཁྱབ་སྤེལ་བྱས། གཙོ་གནད་ཁྱུ་ཚོགས་ལ་རྒྱབ་སྐྱོར་བྱ་ཆེད། ཆ་སྙོམས་ཀྱིས་ལོ་རེར་མི་ཐེངས་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་ལ་ལས་སྐྲུན་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱས་ནས། མཚན་མོའི་དཔལ་འབྱོར་དང་གངས་འཁྱགས་དཔལ་འབྱོར་སོགས་ཀྱི་ལས་གཞི་འཕེལ་རྒྱས་གཏོང་བར་སྐུལ་མ་བྱས།
ངལ་ལས་ཟོང་རྟགས་འཕེལ་རྒྱས་གཏོང་བའི་ཐད། འཐེན་ཐུག་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་། མཚོ་སྔོན་གྱི་གཙགས་དྲུབ་ཟོང་རྟགས་རིམ་སྤར་རྒྱ་བསྐྱེད་བྱས་ཏེ། ཧུའུ་ཀྲུའུ་ཁྱིམ་སྲིད་སོགས་ཞབས་ཞུའི་རྣམ་པའི་ངལ་ལས་ཟོང་རྟགས་རིམ་སྤོར་མཐོར་འདེགས་གཏོང་བར་སྐུལ་ཁྲིད་བྱས། མིག་སྔར་ཞིང་ཆེན་ཡོངས་སུ་ངལ་ལས་ཟོང་རྟགས49ཡོད་པ་དང་། རྫོང་རེར་ཟོང་རྟགས་གཅིག་རེ་ཡོད་པ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བས། ལོ་གཅིག་གི་ནང་ལས་སྐྲུན་ལས་ཞུགས་ཐད་མི་ཐེངས་འབུམ་བཞི་ལ་སྐུལ་ཁྲིད་བྱས།
ལས་སྐྲུན་སྲིད་ཇུས་སྐུལ་སྤེལ་འཆར་གཞིས་ལས་སྐྲུན་ཁ་གསབ་སྒོར་ཁྲི1བར་མཐོ་རུ་བཏང་བ་དང་། ལས་སྐྲུན་ཁག་ཐེག་གི་དངུལ་བུན་གྲངས་ཀ་དེ་སྒོར་འབུམ་གསུམ་བར་མཐོ་རུ་བཏང་ལ། “ལས་སྐྲུན་ཁག་ཐེག་དངུལ་བུན123རྣམ་པ”བཅས་ཁྱབ་གདལ་དུ་བཏང་སྟེ། གློག་རྡུལ་ཞིབ་བཤེར་ཆོག་མཆན་བརྒྱུད་རིམ་ཇེ་ལེགས་སུ་བཏང་ནས་མཐར་ཕྱིན་སློབ་མ་དང་ཕ་ཡུལ་དུ་ཕྱིར་ལོག་པའི་ཞིང་པ་ཞོར་ལས་པ་སོགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དངོས་འབེབས་བྱས།
ལས་སྐྲུན་གཞི་རྟེན་འཛུགས་པའི་འཆར་གཞིས་རྒྱལ་ཁབ་རིམ་པའི་ལས་སྐྲུན་གསོ་སྐྱོང་རྟེན་གཞི་གསུམ་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ནས། གྲོང་ཁྱེར་དང་ཁུལ་རིམ་པའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། མིག་སྔར་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་གསོ་སྐྱོང་རྟེན་གཞི་ཡོངས་སུ་ཁྱབ་ཡོད་པ་དང་། གཙོ་གནད་རྫོང་དང་ས་ཁུལ་དུ་རྟེན་གཞི12ཡོད་པ་མངོན་འགྱུར་བྱུང་།
དེ་ལས་གཞན། སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞིས་ཁྱིམ་ཐོ་དང་སྤྱི་ཚོགས་འགན་སྲུང་སོགས་ལམ་ལུགས་ཀྱི་འགོག་རྐྱེན་སེལ་བ་དང་། ཞིང་ཆེན་ཡོངས་ཀྱི་གླ་སིལ་ཁྲོམ་རའི་བྱེད་ནུས30འཐུས་ཚང་དུ་བཏང་བ། ཁྲལ་དངུལ་གྱི་ཆག་ཡང་དང་སྤྱི་ཚོགས་འགན་སྲུང་ཁ་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྟབས་བསྟུན་ལས་ཞུགས་བྱེད་མཁན་ལ་ཁེ་དབང་སྲུང་སྐྱོང་གི་གེགས་མེད་ལམ་ཡངས་ཕྱེས།
ཤ་བོ་རིན་མཚོས་བསྒྱུར།