ནར་མ་སོན་པའི་མིར་གནོད་འཚེ་གཏོང་བའི་གྱོད་གཞིའི་བཙན་ཤེད་སྙན་ཞུའི་སྲིད་ཇུས་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ལ་སྔར་ལས་ཤུགས་སྣོན་པ་དང་། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་ཤུགས་དངོས་སུ་ཆེ་རུ་གཏོང་ཆེད། ཟླ7པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། གུང་གཞོན་ཚོགས་པ་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་རོགས་སྒྲུབ་བྱས་པའི“ཁྱོད་ལ་གཅེས་སེམས་འབུལ”ཞེས་པའི་ནར་མ་སོན་པའི་མིར་གནོད་འཚེ་གཏོང་བའི་གྱོད་གཞི་བཙན་ཤེད་སྙན་ཞུའི་ལམ་ལུགས་ཀྱི་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་དེ་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དུ་འགོ་བརྩམས།
འགོ་རྩོམ་མཛད་སྒོའི་སྟེང་། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས《ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་མིར་གནོད་འཚེ་གཏོང་བའི་གྱོད་གཞིའི་བཙན་ཤེད་སྙན་ཞུའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་བསྟོད་བསྔགས་བྱེད་པའི་སྐོར་གྱི་ཆོད་དོན་བརྡ་ཁྱབ་སྤེལ་ནས》ཁྱབ་བསྒྲགས་བྱས་པ་དང་། ནར་མ་སོན་པའི་མིར་གནོད་འཚེ་གཏོང་བའི་གྱོད་གཞིའི་བཙན་ཤེད་སྙན་ཞུའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ཁྲོད་གྲུབ་འབྲས་འབུར་དུ་ཐོན་པའི་ལས་ཁུངས15དང་མི21ལ་བརྡ་ཁྱབ་སྤེལ་ནས་བསྟོད་བསྔགས་བྱས། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཁྲིམས་སྐྱོང་གི་ཡུལ་རྣམ་ཟློས་གར་འཁྲབ་ནས་ནར་མ་སོན་པའི་མི་ལ་འཕྲད་སྲིད་པའི་དཀའ་ངལ་དང་དེ་མིན་བཙན་ཤེད་སྙན་ཞུའི་ལམ་ལུགས་ཀྱིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་སྐབས་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་པའི་རྣམ་པ་མཚོན་པར་བྱས། ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་ཞིབ་དཔྱོད་ཁང་དང་མཁར་དཀྱིལ་ས་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་གྱོད་སྒྲུབ་གཏམ་རྒྱུད་ངོ་མ་བཤད་པ་དང་། བཙན་ཤེད་སྙན་ཞུའི་ལམ་ལུགས་ཀྱིས་དངོས་ཡོད་གྱོད་གཞིའི་ཁྲོད་ཐོན་པའི་ནུས་པ་གསལ་བོར་བཤད་ལ། བཙན་ཤེད་སྙན་ཞུའི་འོས་འགན་གཙོ་བོ་དངོས་གནས་ལག་བསྟར་བྱེད་པར་འོས་འགན་སྙན་ཞུ་བྱས་ནས། བྱིས་པ་ཚོའི་བདེ་འཇགས་འགོག་སྲུང་སྲུང་འཛིན་བྱས།
ཚོགས་ཞུགས་མི་སྣས་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཆེད་དོན་དྲིལ་བསྒྲགས་བརྙན་རིས་སྒྲིག་སྦྱོར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བཙན་ཤེད་སྙན་ཞུའི་ལམ་ལུགས་ཀྱི་བྱེ་བྲག་གི་ནང་དོན་དང་། སྙན་ཞུའི་སྣང་ཚུལ་དང་དེ་མིན“ནམ་ཞིག་སྙན་ཞུ་བྱེད་པ་དང་སུ་ལ་སྙན་ཞུ་བྱེད་པ། ཇི་ལྟར་སྙན་ཞུ་བྱེད་པ”སོགས་ཀྱི་ནང་དོན་ལ་སྔར་ལས་རྒྱུས་ལོན་བྱས། མཇུག་ཏུ་གཞས་པས་ནར་མ་སོན་པའི་མི་སྣར་ཞིབ་དཔྱོད་ཀྱི་གླུ་གཞས《སྙིང་ཉེ་བའི་ཁྱོད》ཞེས་པ་བླངས་ནས། ཚང་མའི་སྣེ་ཁྲིད་དེ་ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མི་ལ་ལྷག་བསམ་རྣམ་དག་གིས་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་མྱོང་ཚོར་ཟབ་མོ་བྱིན།
ཤ་བོ་རིན་མཚོས་བསྒྱུར།