རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་མང་ཤུགས་འདོན་བྱས་ཏེ་དམངས་ཚིས་དང་ལས་ཞུགས་ཚད་མཐའ་བརྟན་སྲུང་བྱས།
2025.07.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ད་ལོའི་ལོ་སྟོད་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོགས་ཁག་གཙོ་བོས་གནད་འཁེལ་ཤུགས་འདོན་བྱེད་པར་དམིགས་ཏེ། དམངས་ཚིས་དང་ལས་ཞུགས་ཚད་མཐའ་བརྟན་སྲུང་བྱས་ཤིང་། ཁུལ་ཡོངས་ཀྱི་ལས་ཞུགས་གཞི་རྩ་ཇེ་བརྟན་དུ་བཏང་། ཟླ7པའི་ཚེས12ཉིན་བར། ཁུལ་ཡོངས་ཀྱིས་མཁར་གྲོང་གི་ལས་ཞུགས་མི་གྲངས1314གསར་དུ་འཕར་སྣོན་བྱུང་ཞིང་། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་པ15125ལས་ཞུགས་ཚུལ་སྒྱུར་དང་། མཐོ་རིམ་མཐར་ཕྱིན་སློབ་མས་ལས་ཞུགས་ཐོ་འགོད་བྱས་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་གསུམ་ལ་སླེབས་ཡོད་པས། དོན་དངོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

སྲིད་ཇུས་ཀྱི་བྱེད་ནུས་བཏོན་པའི་ཐད་ནས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཞུགས་ལ་སྐུལ་བའི་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཁུལ་ཡོངས་ཀྱི་ལས་ཞུགས་ལ་སྐུལ་བའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་ཤིང་། རྨ་ལྷོ་ཁུལ་གྱི2025ལོའི་ལས་ཞུགས་ལ་སྐུལ་བའི་འགུལ་སྐྱོད་དྲུག་གི་ཇུས་གཞི་སོགས་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་འགྲེམས་སྤེལ་བྱས་ནས། སྲིད་ཇུས་མཐུན་སྦྱོར་དང་མ་དངུལ་འདེགས་སྐྱོར། ཞབས་ཞུའི་འགན་སྲུང་སོགས་ཀྱི་ཕྲེང་འབྲེལ་ཧྲིལ་བོའི་འདེགས་སྐྱོར་མ་ལག་གྲུབ་པར་བྱས་ཏེ། ལས་ཞུགས་སྲིད་ཇུས་ཁག་གིས་བྱེད་ནུས་མཉམ་འདོན་དང་ཕན་འབྲས་མཉམ་དུ་ཐོན་པར་བྱས།

ལས་ཞུགས་ཞབས་ཞུ་རྒྱུན་མཐུད་ངང་སྤུས་འདེགས་ནུས་སྤེལ་བཏང་སྟེ། ཕན་ནུས་མཐོ་བའི་དྲ་ལམ་དང་ཡུལ་དངོས་ཀྱི་ཞབས་ཞུའི་དྲ་རྒྱ་བཙུགས། དཔྱིད་རླུང་འགུལ་སྐྱོད་དང་ལས་གནས་གཞི་རིམ་དུ་བཀོད་སྒྲིག་བྱེད་པ་སོགས་ཀྱི་ལས་ཞུགས་གདན་ཞུའི་བྱ་འགུལ་སྤེལ་ཏེ། ལས་གནས་ཐོན་ཁུངས་དེ་གྲོང་ཁྱེར་དང་རྫོང་རིམ་པ་གསུམ་གྱི་གྲོང་རྡལ་དང་སྡེ་བ་བརྒྱད་དུ་ཐོན་པར་སྐུལ་འདེད་བཏང་ཞིང་། བསྡོམས་པས་ལས་ཞུགས་ལས་གནས་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་འོས་སྦྱོར་བྱས་ལ། མི657གྱི་ལས་ཞུགས་རེ་འདོད་མངོན་འགྱུར་བྱུང་། འབྲི་ཆུའི་ཟུར་གསུམ་གླིང་དཔལ་འབྱོར་ཁྱུ་ཚོགས་དང་རང་འགུལ་སྦྲེལ་མཐུད་བྱས་ཏེ་ཞིང་ཆེན་བརྒལ་བའི་ཁེ་ལས་ལ་བཅར་འདྲི་དང་ལས་གནས་རྒྱ་བསྐྱེད་པའི་བྱེད་སྒོ་སྤེལ་ནས་སྤུས་ལེགས་ལས་གནས་སྔོག་འདོན་བྱས། སྐོར་ཐེངས་གསུམ་གྱིས་རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་པ178རྩ་འཛུགས་བྱས་ཏེ་ནན་ཅིན་དང་། ཝུའུ་ལུའུ་མུའུ་ཆི་སོགས་སུ་མངགས་ནས་ཚོགས་སྒྲིག་རྣམ་པའི་ལས་ཞུགས་མངོན་འགྱུར་བྱས་པ་དང་། སྲིད་གཞུང་གིས་འབྲེལ་ཟམ་བསྐྲུན་པ་དང་། ཁེ་ལས་ཀྱི་རོགས་ཤུགས་འདོན་པ། མང་ཚོགས་ལ་ཁེ་ཕན་ཐོབ་པའི་ངལ་རྩོལ་ཕྱིར་གཏོང་གི་རྣམ་པ་གསར་པ་ཞིག་གྲུབ་པར་བྱས།

རྩོལ་གཉེར་ཟུང་འབྲེལ་གྱི་ཚོང་རྟགས་གསོ་སྐྱོང་བྱས་ཏེ་རྫོང་གཅིག་ལ་ཐོན་རྫས་གཅིག་གི་རྩོལ་གཉེར་ཟུང་འབྲེལ་གྱི་ཚོང་རྟགས་བསྐྲུན། གཅན་ཚ་རྫོང་གིས་གཅན་ཚའི་ཤིང་བཟོ་ཞེས་པའི་ཚོང་རྟགས་བསྐྲུན་མགོ་བརྩམས་ཤིང་། དུས་མཉམ་དུ་ཚོང་རྟགས་ཐོ་འགོད་དང་ཚོང་ར་རྒྱ་སྐྱེད་ལ་སྐུལ་འདེད་བཏང་། ཐུན་རིན་གྲོང་ཁྱེར་གྱིས་སྲོལ་རྒྱུན་གྱི་ཕྱེ་ཟས་ལག་རྩལ་གཅིག་སྡུད་ཀྱིས། རྨ་ལྷོའི་གོ་རེ་ཞེས་པའི་ཁྱད་ལྡན་ཚོང་རྟགས་གསོ་སྐྱོང་བྱེད་བཞིན་ཡོད། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་ནད་གཡོག་གསོ་སྦྱོང་གསར་སྤེལ་བྱས་ནས། གསོ་སྦྱོང་ལས་ཞུགས་དང་མཚུངས་པའི་མངགས་ཐོའི་རྣམ་པའི་ཤུགས་འདོན་བྱེད་ནུས་མངོན་འགྱུར་བྱུང་། རྩེ་ཁོག་རྫོང་གིས་སྤུས་ལེགས་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རྟགས་སྔོག་འདོན་བྱས་པ། རོང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཐོ་རིམ་མཐར་ཕྱིན་སློབ་མ་དང་། ཞིང་པ་ཞོར་ལས་བ།  དབུལ་ཐར་ངལ་རྩོལ་པ་སོགས་ཚོགས་ཁག་གཙོ་བོར་དམིགས་ཏེ་ལས་རིགས་རྩལ་ནུས་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ཞིང་། ཀྲུང་ལུགས་གཡོ་སྐོལ་དང་། མི་རིགས་གླུ་གར། རྒྱན་གོས་མཛེས་ཆས། ཁྱིམ་སྲིད་ཞབས་ཞུ། སྤྲོ་གསེང་གླིང་སོགས་ལས་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་ལ་དམིགས་ཏེ། ཟས་ཐོའི་རྣམ་པའི་གསོ་སྦྱོང་དང་། ལས་གནས་དང་ལས་ཡུལ་གཏན་འཁེལ་གྱི་གསོ་སྦྱོང་ལག་བསྟར་བྱས། དུས་མཉམ་དུ། ཕྲེང་འབྲེལ་ཧྲིལ་བོའི་ལྟ་སྐུལ་དོ་དམ་གྱིས་སྤུས་ཚད་ཀྱི་འགག་སྒོ་ནན་འཛིན་བྱེད་པར་ཤུགས་བསྣན་ཞིང་། ཆེད་ལས་ཅན་གྱི་གསོ་སྦྱོང་སྤེལ་བ་བརྒྱུད་ངལ་རྩོལ་པའི་འགྲན་རྩོད་ནུས་པ་ཤུགས་དྲག་ཏུ་བཏང་ལ། གསོ་སྦྱོང་རྗེས་ཀྱི་ལས་ཞུགས་ལས་ཕྱོད་མུ་མཐུད་ཇེ་མཐོར་བཏང་།

རིག་འཛིན་སྒྲོལ་མས་བསྒྱུར།