ཟླ7པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། མཚོ་སྔོན་གྱིས་གཅིག་སྡུད་གསུམ་དང་གནད་འཁེལ་གསུམ་གྱི་བྱ་བའི་སྒྲིག་གཞི་ཧུར་ཐག་གིས་བཙུགས་ནས། སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཁེབས་རྒྱའི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་།
མཚོ་སྔོན་གྱིས2025ལོའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཁེབས་རྒྱ་ཇེ་ཆེར་གཏོང་བའི་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་པའི་རྨང་གཞིའི་སྟེང་། 2026ལོའི་འགན་བཅོལ་བྱེད་པའི་བྱ་བར་འཆར་འགོད་ནན་མོ་བྱས། བསྟུད་མར་འགན་བཅོལ་ནང་ཞུགས་པའི་མི་སྣའི་ནད་གཞིའི་འགན་བཅོལ་གྱི་ཆེས་མཐོའི་རྩིས་སྤྲོད་ཚད་གཞི་ཇེ་མཐོར་བཏང་སྟེ། སྨན་བཅོས་རོགས་དངུལ་གྱི་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་ཇེ་ཆེར་བཏང་། གཅིག་སྡུད་རིན་སྤྲོད་དུས་ཚོད་སྙོམས་སྒྲིག་བྱས་པ་དང་། རྩིས་སྤྲོད་དུས་སྐབས་སུ་འགན་བཅོལ་ནང་ཞུགས་མེད་པའམ་ཡང་ན་བསྟུད་མར་འགན་བཅོལ་ནང་ཞུགས་མེད་པའི་མི་སྣར་གཞིགས་ནས། གཏན་འཇགས་ཀྱི་ཐོབ་ཐང་རེ་སྒུག་དུས་རིམ་དང་འགུལ་རྣམ་ཐོབ་ཐབ་རེ་སྒུག་དུས་རིམ་བཀོད་སྒྲིག་བྱས་ཤིང་། ན་གཞོན་དང་དར་མ་རྣམས་གདམ་གསེས་རང་བཞིན་གྱིས་འགན་བཅོལ་ནང་ཞུགས་ཚད་ཇེ་ཉུང་དུ་བཏང་། ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱི་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་དངུལ་ཁ་གསབ་བྱེད་ཤུགས་ཇེ་ཆེར་བཏང་། བསྐྱོད་པ་བརྒྱད་ཀྱི་བྱ་འགུལ་སྤེལ་བ་ནས་གཞི་རིམ་གྱི་ལས་ཡུལ་དང་པོའི་བར། དུས་བཅད་བཅར་འདྲི་དང་སྨན་སྐྱེལ་སྐོར་ཞིབ། སྲིད་ཇུས་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གཞན་སྐུལ་གྱིས་འགན་བཅོལ་ནང་ཞུགས་པ་ནས་རང་འགུལ་སྒོས་འགན་བཅོལ་ནང་ཞུགས་པར་འགྱུར་ལྡོག་བྱུང་།
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བར་བརྒལ་དུས་རིམ་གྱི་ལོ་རྗེས་མའི་དངོས་ཡོད་ལ་རྐང་བཙུགས་ནས། བར་བརྒལ་དུས་རིམ་རྗེས་ཀྱི་སྦྲེལ་མཐུད་སྲིད་ཇུས་ལ་ཞིབ་འཇུག་བྱས་པ་དང་། ཚོགས་པ་གཙོ་བོར་དམིགས་ཏེ། རིམ་དབྱེ་རིགས་དབྱེ་དང་གནད་འཁེལ་རོགས་སྐྱོར་རྒྱུན་འཁྱོངས་དང་། ནད་ཀྱི་དབང་གིས་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་མཐའ་གཅིག་ཏུ་སྔོན་འགོག་བྱས། རིགས་དབྱེ་རོགས་སྐྱོར་གྱི་རྨང་གཞིའི་སྟེང་། གཏན་འབེབས་ལྟར་འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་བུ་ཕྲུག་དང་ལས་ཤོར་མི་སྣ་སོགས་ཀྱི་སྨན་བཅོས་འགན་བཅོལ་གྱི་རིན་སྤྲོད་ཁ་གསབ་དོན་འཁྱོལ་བྱས་ཏེ། ཆ་རྐྱེན་དང་འཚམ་པའི་ཚོགས་པ་ཧུར་ཐག་གིས་འགན་བཅོལ་ནང་ཞུགས་པར་ཁྲིད་སྟོན་དང་སྐུལ་སློང་བྱས། ལས་ཞུགས་མི་སྣ་དང་ཞིང་པ་ཞོར་ལས་པ། ལས་ཞུགས་ལས་རྣམ་གསར་བའི་མི་སྣ་སོགས་ཚོགས་པར་དམིགས་ནས། ལས་ཞུགས་ཀྱི་རྣམ་པ་དང་ཡོང་འབབ་ཀྱི་ཁྱད་ཆོས་ལ་འཚམ་པའི་འགན་བཅོལ་ནང་ཞུགས་པའི་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བཟོས། མི་གཅིག་ལ་ཡིག་ཚགས་གཅིག་གི་གཞི་གྲངས་མཛོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་དང་། ཚོགས་པ་གཙོ་བོའི་ཚད་ལེན་སྔོན་བརྡ་དམ་འཛིན་ལེགས་པོ་བྱས་ཏེ། འགན་བཅོལ་ལས་ལུས་པ་དང་འགན་བཅོལ་མཚམས་བཞག་པ་ཞིབ་བཤེར་བྱས་ཤིང་། བྱ་བའི་ཚད་མཐའ་བརྟན་སྲུང་བྱས། ལས་བཟོ་པའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་གཅིག་འདོམས་ལ་སྐུལ་འདེད་བཏང་བ་དང་། ལས་ཞུགས་མི་འབོར་གྱི་ཞིང་ཆེན་ནང་ཁུལ་གྱི་ཁུལ་ཁོངས་བརྒལ་བའི་འགུལ་སྐྱོད་ལ་སྐུལ་འདེད་བཏང་སྟེ། ཐེབས་རྩའི་རོགས་སྐྱོར་མཉམ་འདོམས་ནུས་པ་ཇེ་ཆེར་བཏང་ཞིང་། ལས་བཟོ་པའི་སྨན་བཅོས་འགན་བཅོལ་དང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་མཐུན་སྦྱོར་མཉམ་འགུལ་ལ་རོགས་ཤུགས་བཏོན་ནས། མང་ཚོགས་ཀྱིས་སྨན་པར་བསྟེན་པ་དང་ནད་བཅོས་བྱེད་པར་ཤུགས་རྐྱེན་མི་ཐེབས་པར་ཁག་ཐེག་བྱས།
འགྲོ་ལུགས་སྒྲུབ་པའི་ཞབས་ཞུའི་མ་ལག་རྒྱུན་མཐུད་སྒོས་འཐུས་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་སྨན་བཅོས་འགན་བཅོལ་གྱི་འགྲོ་ལུགས་བསྒྲུབ་པའི་སྐར་བཅོ་ལྔའི་ཞབས་ཞུའི་ཚོགས་པ་བསྐྲུན་པ་དང་། སྨན་བཅོས་འགན་བཅོལ་ཞབས་ཞུ་སྡེ་བ་དང་སྡེ་ཁུལ་དུ་བསྲིངས་བར་སྐུལ་འདེད་བཏང་ཞིང་། རིམ་པ་མང་ལ་ཁྱབ་ཁོངས་ཡོངས་ཀྱི་རོགས་སྒྲུབ་ཚབ་སྒྲུབ་མ་ལག་ལག་བསྟར་བྱས་པ་དང་། ཞབས་ཞུར་བརྟེན་ནས་མང་ཚོགས་འགན་བཅོལ་ནང་ཞུགས་པའི་རིན་སྤྲོད་ཀྱི་ཡིད་ཚིམ་ཚད་ཇེ་མཐོར་བཏང་། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་མཉེན་ཆས་སོགས་ཁྱབ་གདལ་བཏང་བ་དང་། མཉམ་འབྲེལ་རོགས་སྒྲུབ་བྱ་བའི་ཞབས་ཞུ་ལེགས་པར་བསྒྲུབ་ནས། ཡུལ་དངོས་སུ་ཐོན་མི་དགོས་པར་ཐག་གཅོད་པ་མངོན་འགྱུར་བྱས། སྤྱི་བའི་རོགས་སྐྱོར་རྩིས་ཐོའི་ཆེས་དམའ་བའི་སྒོར་ལྔ་བརྒྱའི་ཚད་བཀག་མེད་པར་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སྨན་བཅོས་འགན་བཅོལ་དྲ་ཚིགས་དངོས་སུ་ལག་བསྟར་བྱས་ཤིང་། སྨན་བཅོས་འགན་བཅོལ་ལས་བཟོ་པ་མི་སྒེར་གྱི་རྩིས་ཐོའི་ཞིང་ཆེན་ཁུལ་ཁོངས་ཀྱི་ཚད་བཀག་མེད་པར་བཏང་སྟེ། ཞིང་ཆེན་བརྒལ་ནས་སྨན་བཅོས་བྱེད་པ་དང་སྨན་ཉོ་བའི་དགོས་མཁོ་བསྐངས། ཡུལ་གཞན་དུ་བཅའ་སྡོད་དང་ལས་ཞུགས་བྱེད་པ། ལས་གཉེར་བྱེད་པ། སློབ་གྲྭར་འགྲིམ་བཞིན་པ་བཅས་ཀྱི་ཚོགས་པས་ཐག་ཉེ་ས་ནས་འགན་བཅོལ་ནང་ཞུགས་པ་དང་། སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་ཐུབ་པར་སྟབས་བདེ་བཟོས། སྨན་བཅོས་རོགས་སྐྱོབ་བྱ་ཡུལ་གྱི་ལོ་ཧྲིལ་བོའི་རྩིས་སྤྲོད་ཀྱི་ལྗང་མདོག་བགྲོད་ལམ་གེགས་མེད་ཡོང་བར་བྱས་པ་དང་། ཐོབ་ཐང་རེ་སྒུག་དུས་རིམ་གཏན་འཁེལ་བྱས་མེད་པར། ཕྱོགས་ཡོངས་ནས་རོགས་སྐྱོབ་བྱ་ཡུལ་འགན་བཅོལ་ནང་ཞུགས་པའི་རོགས་དངུལ་རེ་ཞུ་རྒྱག་མི་དགོས་པར་ལོངས་སྤྱོད་བྱེད་ཐུབ་པ་ལག་བསྟར་བྱས།
ལྷ་མོ་འཚོས་བསྒྱུར།