མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་གི་མ་རྩའི་བྱས་འབྲས་དོ་དམ་ལག་བསྟར་ཞིབ་སྲོལ་པར་འགྲེམས་བྱས།
2025.09.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ།  མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྒྲགས་པ་ལྟར་ན།   རྒྱལ་ཁབ་ཀྱི་སྔོན་རྩིས་བྱས་འབྲས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་།   རྒྱལ་ཁབ་སྤྱི་གླིང་གི་ནོར་སྲིད་མ་དངུལ་བཀོད་སྒྲིག་གི་ཕན་འབྲས་དང་བཀོལ་སྤྱོད་ཕན་འབྲས་སྔར་ལས་མཐོར་འདེགས་གཏོང་ཆེད།    ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་མཉམ་འབྲེལ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་གི་མ་རྩའི་བྱས་འབྲས་དོ་དམ་ལག་བསྟར་ཞིབ་སྲོལ་གཏན་འབེབས་བྱས་ནས་པར་འགྲེམས་བྱས་པ་དང་།   དེས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་གི་མ་རྩའི་བྱས་འབྲས་དོ་དམ་སྔར་ལས་ཚད་ལྡན་དང་ཞིབ་ཚགས།  མ་ལག་ཅན་དུ་གྱུར་བའི་དུས་རིམ་གསར་པར་སླེབས་པ་མཚོན།

ལག་བསྟར་ཞིབ་སྲོལ་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་ཉེར་དྲུག་ཡོད་པ་དང་།   སྒྲིག་གཞི་ཆ་ཚང་ཞིང་ནང་དོན་ཞིབ་ཚགས་ཡིན་ལ།   ཕྱོགས་བཞིའི་ཐད་ནས་རྒྱལ་ཁབ་སྤྱི་གླིང་གི་མ་རྩའི་བྱས་འབྲས་ཀྱི་གོ་རིམ་ཧྲིལ་བོའི་དོ་དམ་མ་ལག་གྲུབ་པར་བྱས་ཡོད།    གཅིག་ནི་ཁྱབ་ཁོངས་གསལ་བོ་བྱས་ཏེ་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ཡོད།   ཞིང་ཆེན་རིམ་པའི་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་མ་དངུལ་དང་དེ་མིན་གྲོང་ཁྱེར་དང་རྗོང་རིམ་པའི་ནོར་སྲིད་ཀྱི་འབྲེལ་ཡོད་འགྲོ་གྲོན་གཅིག་གྱུར་སྒོས་བྱས་འབྲས་དོ་དམ་ཁྱབ་ཁོངས་སུ་འཇོག་པ་དང་།   ཞིང་ཆེན་ནོར་སྲིད་ཐིན་དང་།   ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ།   རྒྱལ་ཁབ་སྤྱི་གླིང་དོ་དམ་སྡེ་ཁག་སོ་སོ་བཅས་ཀྱི་རིམ་བགར་དོ་དམ་ཁྲོད་ཀྱི་བྱེ་བྲག་གི་འགན་འཁྲི་ཇེ་ཞིབ་ཏུ་བཏང་ནས་འགན་འཁྲིའི་འབྲེལ་ཐག་གསལ་བོ་འཛུགས་དགོས།   གཉིས་ནི་འགོ་ཁུངས་ཀྱི་དཔྱད་དཔོག་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།   གོ་རིམ་ཧྲིལ་བོའི་དོ་དམ་འདུ་ཤེས་འབུར་དུ་ཐོན་པར་བྱེད་པ་དང་།   བྱ་བ་མ་སྒྲུབ་སྔོན་གྱི་བྱས་འབྲས་དཔྱད་དཔོག་ཇེ་དྲག་ཏུ་གཏོང་བ།    གསར་དུ་བཏོན་པའི་སྲིད་ཇུས་དང་ལས་གཞི་གཙོ་བོར་ངེས་པར་དུ་དཔྱད་དཔོག་བྱེད་རྒྱུ་གཏན་འཁེལ་གསལ་བོ་བྱས་ཏེ།   དཔྱད་དཔོག་གི་གཙོ་གནད་གཏན་འཁེལ་ནན་མོ་བྱེད་པ་དང་།   དཔྱད་འཇོག་མཇུག་འབྲས་དང་སྔོན་རྩིས་བཀོད་སྒྲིག་གི་འབྲེལ་བའི་ནང་རྐྱེན་བཙུགས་ནས།  འགོ་ཁུངས་ནས་ནོར་སྲིད་མ་དངུལ་བཀོད་སྒྲིག་བྱེད་སྟངས་ལེགས་བསྒྱུར་བྱེད་དགོས།   གསུམ་ནི་གོ་རིམ་ཇེ་ཞིབ་ཏུ་བཏང་སྟེ་ཚད་གཞི་གཏན་འབེབས་བྱེད་དགོས།  བྱས་འབྲས་དམིགས་ཚད་མ་ལག་འཛུགས་པ་དང་ཚན་རིག་ལྟར་བྱས་འབྲས་དམིགས་འབེན་གཏན་འཁེལ་བྱེད་པ།  དཔྱད་ཞིབ་གོ་རིམ་དང་།    དུས་ཚོད་དང་བྱ་བའི་བླང་བྱ་གཏན་འབེབས་གསལ་བོ་བྱེད་པ།   བྱས་འབྲས་དམིགས་འབེན་གྱི་དཔྱད་ཞིབ་གཙོ་གཞིའི་འགན་འཁྲི་དང་ཚད་གཞི་ཞིབ་ཚགས་སུ་བཏང་ནས།    དོ་དམ་གོ་རིམ་གྱི་ཚད་ལྡན་རང་བཞིན་དང་ཁ་གསལ་རང་བཞིན་མཐོར་འདེགས་གཏོང་དགོས།   བཞི་ནི་མཇུག་འབྲས་ལ་དོ་སྣང་བྱས་ཏེ་བེད་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།   བྱས་འབྲས་ལྟ་སྐུལ་དོ་དམ་གྱི་གཙོ་གཞིའི་འགན་འཁྲི་དང་ནང་དོན་གཙོ་བོ།  ལག་བསྟར་ཧེ་བག་གི་དོ་དམ་བླང་བྱ་བཅས་གཏན་འབེབས་གསལ་བོ་བྱེད་པ་དང་།    བྱས་འབྲས་གདེང་འཇོག་གི་གཞི་འཛིན་ས་དང་ནང་དོན།   བྱེད་ཐབས།   རིམ་པ་བགར་སྟངས་བཅས་ཚད་ལྡན་དུ་གཏོང་བ།   གདེང་འཇོག་མཇུག་འབྲས་ཀྱི་མཁྲེགས་འཛིན་རང་བཞིན་གྱི་བེད་སྤྱོད་ནང་རྐྱེན་བཙུགས་ནས།   ཕན་འབྲས་བཟང་བོ་ཐོབ་པར་འགན་སྲུང་བྱེད་དགོས།

ལག་བསྟར་ཞིབ་སྲོལ་པར་འགྲེམས་བྱས་པ་དེས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་བཅོས་སྐྱོང་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་།    ནོར་སྲིད་མ་དངུལ་བཀོལ་སྤྱོད་ཕན་འབྲས་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།   རྒྱལ་ཁབ་སྤྱི་གླིང་གི་མ་རྩའི་སྔོན་རྩིས་ལག་བསྟར་ལ་ལྟ་སྐུལ་དང་སྔོན་རྩིས་ཡོངས་འགྲུབ་ལ་གདེང་འཇོག   གདེང་འཇོག་མཇུག་འབྲས་བེད་སྤྱོད་སོགས་ཀྱི་གོ་རིམ་ཧྲིལ་བོའི་བྱས་འབྲས་དོ་དམ་ཐད་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཏེ།   མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་རྒྱུན་མཐུད་འཕེལ་རྒྱས་ལ་ནུས་ཡོད་སྒོས་སྐུལ་འདེད་གཏོང་ཐུབ།

ལྷ་མོ་ཚེ་རིང་གིས་བསྒྱུར།  

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།