མཚོ་སྔོན་མེ་ཟོན་སྡེ་ཁག་གིས་གུང་གསེང་སྐབས་ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་བསྒྲགས་སྤེལ།
2025.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར།  མེ་སྐྱོན་དོན་རྐྱེན་འབྱུང་བར་སྔོན་འགོག་དང་ཚོད་འཛིན་ནན་མོ་བྱེད་ཆེད།  མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་ལས་ཁུངས་དང་སྡེ་ཚོགས།  ཁེ་ལས།  དོན་གཉེར་སྡེ་ཁག  ཚོང་ཁང་དང་རྒྱ་ཆེའི་སྡོད་དམངས་བཅས་ལ་མེ་སྐྱོན་འགོག་སྲུང་གི་སྤྱི་བསྒྲགས་སྤེལ།

ནན་ཏན་སྒོས་མེ་ཟོན་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱེད་དགོས།  ལས་ཁུངས་སོ་སོའི་ཁྲིམས་བཅད་འཐུས་ཚབ་མི་སྣ་དང་།  དོན་དངོས་ཚོད་འཛིན་མི་སྣའམ་འགན་ཁུར་མི་སྣ་ནི་ལས་ཁུངས་དེའི་མེ་ཟོན་བདེ་འཇགས་ཀྱི་འགན་ཁུར་བ་གཙོ་བོ་ཡིན་ལ།  ངེས་པར་དུ་དངོས་སུ་ཞིབ་འཇུག་དང་དངོས་སུ་བཀོད་སྒྲིག  དངོས་སུ་ཞིབ་བཤེར་བཅས་བྱེད་དགོས།  ཉིན་རེར་མེ་ཟོན་སྐོར་ཞིབ་བྱེད་དགོས་པར་མ་ཟད་ཟིན་ཐོར་བཀོད་ནས་མེ་ཟོན་སྒྲིག་ཆས་ལ་གནད་དོན་མེད་པ་ཁག་ཐེག་བྱེད་དགོས།  མེ་དང་གློག སྣུམ་སོགས་སྒྲིག་འགལ་ངང་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱེད་པ་དང་།  མི་མངོན་པའི་རྐྱེན་ངན་ཤེས་རྟོགས་བྱུང་ན་མྱུར་དུ་ལེགས་བཅོས་བྱེད་དགོས།

མི་མང་འདུ་འཛོམས་བྱེད་སའི་དོ་དམ་ལ་ཤུགས་སྣོན་དགོས།  མགྲོན་ཁང་དང་ཟ་ཁང་། ཁྲོམ་ར་སོགས་མི་མང་འདུ་འཛོམས་བྱེད་སའི་ཁ་འགྲེམས་བགྲོད་ལམ་དང་བདེ་འཇགས་བགྲོད་ལམ་གེགས་མེད་ཤར་བགྲོད་ཐུབ་པར་ཁག་ཐེག་བྱེད་དགོས།  ད་དུང་འཛིན་ཡིག་ཅན་གྱི་མི་སྣ་གཉིས་བཀོད་སྒྲིག་བྱས་ཏེ་ཆུ་ཚོད་ཉེར་བཞིའི་རིང་མེ་ཟོན་ཚོད་འཛིན་ཁང་ནས་ལས་རེས་བྱེད་དགོས།

མང་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་བའི་བདེ་འཇགས་ལ་ལྟ་སྐུལ་དང་དོ་དམ་ནན་མོ་བྱེད་དགོས།  ཟླ་མཆོད་དགོང་ཚོགས་དང་རྒྱལ་སྟོན་འཚོང་སྐུལ་སོགས་མང་ཚོགས་རང་བཞིན་གྱི་བྱ་འགུལ་སྤེལ་བར།  སྔོན་ལ་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱས་ནས།  ཆོག་འཐུས་ཡི་གེ་ལེན་དགོས།  ངེས་པར་དུ་མེ་འགོག་དང་སྐབས་བསྟུན་གྱི་ཁ་འགྲེམ་ཇུས་གཞི་བཟོས་ཏེ།  ཁོངས་མི་ཡོངས་རྩ་འཛུགས་བྱས་ཏེ་གསོ་སྦྱོང་དང་གྲབས་སྦྱོང་བྱེད་དགོས།  མེ་འགོག་སྒྲིག་ཆས་དང་འགན་སྒྲུབ་སྟོབས་ཤུགས་འདེང་ངེས་ཞིག་བཀོད་སྒྲིག་བྱེད་དགོས།

ལས་རྣམ་སྣ་མང་ཁོར་ཡུག་གི་ཉེན་འགོག་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་དགོས།  ཐོན་སྐྱེད་དང་ཚོང་གཉེར།  གསོག་ཉར།  སྐྱེལ་འདྲེན་བཅས་ཀྱི་ཁོར་ཡུག་དུ་མཉམ་བསྲེས་དང་ཚད་བརྒལ།  སྒྲིག་འགལ་གྱིས་ཚོང་ཟོག་སྤོངས་བ་གཏན་འགོག་བྱེད་དགོས།  སྣ་མང་ཐོན་སྐྱེད་དང་སྣ་མང་ལས་རྣམ་གཉེར་ས་རུ་མེ་ཟོན་མཉམ་འགུལ་མཉམ་སྒྲུབ་རྐྱེན་སྲོལ་བཙུགས་ཏེ།  གཅིག་གྱུར་དོ་དམ་དང་ཉེན་ཁ་ཤེས་རྟོགས་བྱུང་ཚེ་མྱུར་དུ་ཐག་གཅོད་དང་དུས་མཉམ་དུ་སྙན་ཞུ་བྱེད་དགོས་པ་གཏན་ཁེལ་བྱེད་དགོས།

བཟའ་བཏུང་ལས་གཉེར་ཁོར་ཡུག་གི་ཉེན་ཁར་དོ་དམ་བྱེད་པ།  གློག་ལམ་དང་སྦུག་ལམ་ཚད་ལྡན་བཟོ་དགོས།  ཟ་ཁང་དུ་ངེས་པར་མཁོ་བའི་མེ་ཟོན་སྒྲིག་ཆས་ཆ་ཚང་དང་ནུས་ལྡན་ཡིན་པར་ཁག་ཐེག་བྱེད་དགོས།  གུང་གསེང་སྔོན་ལ་དུད་ཁུང་ལ་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ།  གཡོས་སྦྱོར་བྱེད་སྐབས་ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ཏེ་ལྟ་སྲུང་བྱེད་དགོས་པ་དང་།  འགྲོ་ཁར་ངེས་པར་དུ་མེ་དང་སོལ་རླངས་ཀྱི་སྒོ་རྒྱག་དགོས།

ཁྱིམ་ཚང་གི་མེ་སྐྱོན་འགོག་སྲུང་རྨང་གཞི་རྩ་བརྟན་དུ་གཏོང་དགོས།  སྡོད་དམངས་ཀྱིས་ཉིན་ཁྱམས་དང་ཇ་ཁང་།  སྐས་སྒམ་སོགས་ཀྱི་འབར་སླ་བའི་རིགས་ཀྱི་དངོས་པོ་གཙང་སེལ་བྱེད་དགོས་ལ།  ཕྱི་རུ་འགྲོ་བ་དང་མལ་ཁར་མེ་དང་གློག སོལ་རླངས་ཀྱི་སྒོ་རྒྱག་དགོས།  གློག་སྒུལ་ལྕགས་རྟ་མལ་ཁང་དུ་འཇོག་པ་དང་གློག་གསོག་པ་གཏན་འགོག་བྱེད་དགོས།  ནར་མ་སོན་པའི་མིར་མེ་ཟོན་དོགས་ཟོན་བྱེད་དགོས་པའི་སློབ་གསོ་གཏོང་དགོས།

ཕྱི་རུ་ཞག་སྡོད་བྱེད་སྐབས་ཀྱི་མེ་ཟོན་གྲ་སྒྲིག་ལ་ཤུགས་སྣོན་དགོས།  རང་གིས་རླངས་འཁོར་སྐོར་ནས་ཡུལ་སྐོར་ལ་འགྲོ་སྐབས།  རླངས་འཁོར་གྱི་གློག་ལམ་དང་སྣུམ་ལམ་ལ་ཞིབ་བཤེར་བྱས་ཏེ།  རླངས་འཁོར་གྱི་མེ་ཟོན་སྒྲིག་ཆས་ཀྱི་དུས་ཚོད་འགོར་མེད་པ་ཁག་ཐེག་བྱེད་དགོས།  མགྲོན་ཁང་དུ་ཞག་སྡོད་བྱེད་སྐབས།  བདེ་འཇགས་བགྲོད་ལམ་དང་ཁ་འགྲེམ་བགྲོད་ལམ།  མེ་འགོག་སྒྲིག་ཆས་དང་དུད་འགོག་ཁ་ཐུམ་སོགས་གང་དུ་ཡོད་པ་བློ་ལ་ངེས་པར་བྱས་ཏེ།  རང་རྟོགས་ཀྱིས་མེ་ཟོན་སྒྲིག་ཆས་ལ་སྲུང་སྐྱོབ་བྱེད་དགོས།

ལྗོངས་ཁུལ་དང་ནགས་ཁུལ་ནན་སྲུང་བྱེད་པ།  ཡུལ་སྐོར་ལྗོངས་ཁུལ་དང་གནའ་བོའི་རིག་དངོས་འཛུགས་སྐྲུན།  ནགས་ར་དང་རྩྭ་ར་སོགས་སུ་འགྲོ་སྐབས།  མེ་འགོག་སྒྲིག་ལམ་བརྩི་སྲུང་བྱས་ཏེ།  འབར་སླ་བའི་རིགས་ཀྱི་དངོས་པོ་མི་ཁྱེར་བ་དང་དུ་སྣེ་གང་སར་མི་གཡུག་པ།  སྒྲིག་འགལ་གྱི་ཚ་ཕོག་རྒྱག་པ་བཅས་བྱེད་དགོས།  སྒྲིག་འགལ་བྱེད་པ་དང་མེ་སྐྱོན་བཟོས་ན།  ཁྲིམས་ལྟར་དམངས་དོན་དང་སྲིད་དོན།  ཐ་ན་ཉེ་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་ངེས།

མེ་སྐྱོན་གྱི་ཁ་གཏད་ཐག་གཅོད་གོ་རིམ་ཚད་ལྡན་དུ་གཏོང་དགོས། ལས་ཁུངས་དང་མི་སྒེར་གང་ཡིན་རུང་མེ་སྐྱོན་ཤེས་རྟོགས་བྱུང་ཚེ།  མྱུར་དུ119ལ་ཁ་པར་བཏང་ནས་ཉེན་བརྡ་གཏོང་དགོས།  སྲོག་ཉེན་ལས་ཐར་ཐབས་བྱེད་སྐབས་རིག་པ་གསལ་བོར་བྱས་ཏེ།  རྒྱུ་ནོར་ལ་ཞེན་ཆགས་མི་བྱེད་པ་དང་།  གློག་སྐས་ལ་མི་འདུག་པ།  ཐོག་ཁང་ནས་ལྡིང་བ་དང་མེ་སྐྱོན་བྱུང་སར་ཕྱིར་མི་ལོག་པ་བཅས་བྱས་ཏེ།  ཁ་འགྲེམ་གསལ་འདེབས་ལྟར་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་དགོས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།  

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།