སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་འགྲན་བསྡུར་ཆེན་པོའི་རྣམ་པ་གསར་གཏོད་ཀྱི་དམིགས་བསལ་འགྲན་ལམ་སྤེལ་མགོ་བརྩམས།
2025.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ9པའི་ཚེས29ཉིནམཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་དང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན། ཀྲུང་གོ་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཛུབ་སྟོན་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་ཀྲུང་གོའི་གསར་གཏོད་ལས་སྐྲུན་འགྲན་བསྡུར་སྐབས་བཅུ་བཞི་པའི་མཚོ་སྔོན་འགྲན་བསྡུར་ཁུལ་དང་། མཚོ་སྔོན་ཞིང་ཆེན་སློབ་ཆེན་སློབ་མའི་གསར་གཏོད་ལས་སྐྲུན་འགྲན་བསྡུར་སྐབས་བཅུ་གཅིག་པའི་རྣམ་པ་གསར་གཏོད་དམིགས་བསལ་འགྲན་ལམ་གྱི་ཐོག་མའི་འགྲན་བསྡུར་ཟི་ལིང་དུ་སྤེལ་མགོ་བརྩམས།

སྐབས་འདིའི་འགྲན་བསྡུར་ཆེན་མོས“གསར་གཏོད་ཞབས་ཞུའི་རྟེན་གཞི་གཅིག་དང་གྲོང་ཁྱེར་གཙོ་བོ་གསུམ”གྱི་ངེས་གནས་ལ་དམ་པོར་འབྲེལ་ཏེ།“གསར་གཏོད་ལ་བརྟེན་ནས་འདུ་འཛོམས་དང་གསར་པའི་ཕྱོགས་སུ་མཉམ་སྐྱོད”ཅེས་པ་བརྗོད་དོན་དུ་བཟུང་ནས། ཚྭ་མཚོའི་ཐོན་ལས་ཀྱི་རྣམ་པ་གསར་གཏོད་འགྲན་ལམ་དང་མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཡུལ་ལྗོངས་གསར་གཏོད་འགྲན་ལམ་ཐོག་མར་བཏོད་ནས། ལག་རྩལ་གསར་གཏོད་དང་ཐོན་ལས་ཉེར་སྤྱོད་མཉམ་འདྲེས་གཏིང་ཟབ་ཅན་གྱི་ཐབས་ལམ་འཚོལ་ཞིབ་བྱས།

མཐོ་སྒང་གི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དམིགས་བསལ་འགྲན་ལམ་ཁྲོད། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་ནས་ཡོང་བའི་འགྲན་བསྡུར་ནང་ཞུགས་མཁན་གྱི་སློབ་མ་ཧྲི་ཡུས་ཐིང་གིས་ཡུལ་དངོས་ནས་འགྲམ་ལམ་ལ་ཞུགས་སྐབས་ངོ་སྤྲོད་བྱས་པ་ལྟར་ན། ཁོའི་ཚོགས་པའི་རྣམ་གྲངས་ནི“ཞིབ་དཔྱད་ཚད་ལེན་བློ་རིག་རི་མོ་ནི་ཡུལ་ལྗོངས་དངོས་ཀྱི་རྩ་གསུམ་ལག་རྩལ་ལ་གཞིགས་པའི་ཟ་ལར་རིགས་ཀྱི་ར་སྐོར་ཐོག་ཁང་གི་གྲངས་ཀ་མཚེ་མ་དང་སློབ་གསོའི་ཉེར་སྤྱོད་ལག་ལེན”ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ལ་དམིགས་བསལ་དུ་ཡོད་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་གཞག་རིག་དངོས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཏེ། ཟ་ལར་རིགས་ཀྱི་ར་སྐོར་ཐོག་ཁང་སྐྲུན་པའི་ལག་རྩལ་དེ་གཞི་གྲངས་ཅན་གྱི་སྲུང་སྐྱོང་བྱ་ཡུལ་དུ་བཟུང་ནས། གསར་གཏོད་རང་བཞིན་གྱིས་མི་མེད་གནམ་གྲུའི་གསེག་གཞོལ་པར་ལེན་ཚད་འཇལ་ལག་རྩལ་དང་རྩ་གསུམ་སྐུལ་འོད་བཤར་འབེབས་ལག་རྩལ་ཟབ་མོ་མཉམ་འདྲེས་བྱས་ནས། ཟ་ལར་རིགས་ཀྱི་ར་སྐོར་ཐོག་ཁང་གི་ཞིབ་ཚད་མཐོ་བའི་གྲངས་ཀ་ཡི་མཚེ་མ་བསྐྲུན་ཡོད།

ཚྭ་མཚོའི་ཁྱབ་ཁོངས་ཀྱི་དམིགས་བསལ་འགྲན་ལམ་དུ། མཚོ་སྔོན་དགེ་འོས་སློབ་ཆེན་ནས་ཡོང་བའི་ཚོགས་པ་ཞིག་གིས་ཚྭ་བཞུ་སྤྱིན་ཐུམ་ཕྲ་མོའི་ནུས་གསོག་རྒྱུ་ཆ་ཞིག་འཁྲབ་སྟོན་བྱས། ཚོགས་པ་དེའི་ཁོངས་མི་ལིའུ་ཀྲེང་ཨེན་གྱིས་གསར་འགོད་པར་བཤད་རྒྱུར། མཚོ་སྔོན་ཚྭ་འདམ་གཞོང་ས་ཁུལ་གྱི་ཚྭ་མཚོ་རུ་རྫས་འགྱུར་གྱི་རིགས་ཅཱ་དང་ནཱ།མཱེ་སོགས་ཐོན་ཁུངས་མང་པོ་འཛོམས་པར་བརྟེན། ཚོགས་པས་ཚྭ་མཚོ་ཡི་ཐོན་ཚད་མང་བའི་མཱ་ཟེ་ཚྭ་དང་ཁིལ་ཅ། ཟེ་སྐྱུར་ཨན་བཅས་རྒྱུ་ཆ་གཙོ་བོར་བྱས་ཏེ། གཙོ་གནད་དུ་ཟེ་སྐྱུར་ཅཱ་དང་ཟེ་སྐྱུར་ནཱ་གཙང་སེལ་བཟོ་རྩལ་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པར་མ་ཟད། ཟེ་སྐྱུར་ཚྭ་མ་ལག་གི་ཚྭ་བཞུ་ཚ་གསོག་རྒྱུ་ཆའི་གྲུབ་ཚུལ་དང་གཤིས་ནུས་ལ་ཞིབ་འཇུག་བྱས་ནས། ཚྭ་མཚོའི་ཐོན་ཁུངས་བེད་སྤྱོད་ལས་ཆོད་ཆེ་རུ་གཏོང་བ་དང་། ནུས་ཁུངས་ཀྱི་ལྷད་མེད་དང་ཐཱན་ཉུང་ཚུལ་སྒྱུར་ལ་རོགས་རམ་བྱ་རྒྱུ་ཡིན་ཟེར།

མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་མཐོ་གསར་ལག་རྩལ་ཁྲུའུ་ཡི་འགན་འཁུར་བས་བཤད་རྒྱུར། གསར་གཏོད་ལས་སྐྲུན་ནི་རྒྱལ་ཁབ་དར་རྒྱས་དང་མི་རིགས་བསྐྱར་དར་གྱི་རྨང་རྡོ་གལ་ཆེན་ཞིག་ཡིན་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ངང་གྲུབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་ཞིག་ཀྱང་ཡིན། རྣམ་པ་གསར་གཏོད་ཀྱི་དམིགས་བསལ་འགྲན་ལམ་གྱིས་དོན་དངོས་ཀྱི་ཉེར་སྤྱོད་རྣམ་པར་བརྟེན་ནས་བདམས་ཐོན་བྱུང་བའི་འགྲན་བསྡུར་ནང་ཞུགས་མཁན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་གསར་གཏོད་ཀྱི་ཐག་གཅོད་ཇུས་གཞི་འདོན་རྒྱུར་སྐུལ་མ་གཏོང་གིན་ཡོད་པས། འབྲེལ་ཡོད་ཚན་རྩལ་གྲུབ་འབྲས་དངོས་སུ་སྤྱོད་པར་སྐུལ་འདེད་གཏོང་བའི་ཐད་ཕན་ཐོགས་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་ཐུབ་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།