མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོར་སྡོད་པའི་ལས་ཁུངས་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་བར་གྲོས་མཐུན་བཀོད།
2025.09.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ9པའི་ཚེས29ཉིན།    མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོར་སྡོད་པའི་ལས་ཁུངས་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་ལས་ལས་གཞིར་གྲོས་མཐུན་འགོད་པ་དང་ལས་གཞི་འགོ་རྩོམ་པའི་མཛད་སྒོ་མཚོ་ལྷོ་ཁུལ་དུ་བསྡུས།    མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ།   མཉམ་འབྲེལ་རྒྱལ་ཚོགས་མི་གྲངས་ཐེབས་རྩ་བཅས་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་སྒོས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་བྱིས་པའི་མཛའ་མཐུན་དང་།  གནམ་གཤིས་ཀྱི་འཕྲོད་མཐུན་རང་བཞིན་དྲག་པ་དང་དར་རྒྱས་འཆམ་མཐུན་གྱི་ཞིང་སྡེའི་གཞིས་ཁུལ་འཛུགས་སྐྲུན་ལས་གཞི་འགོ་བརྩམས་ནས།   ས་གནས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་བསྩལ།

རྒྱུས་ལོན་བྱུང་བ་ལྟར་ན།   ལས་གཞི་དེར་བསྡོམས་པས་ཨ་སྒོར་ས་ཡ་ལྔ་དང་འབུམ་ལྔ་བཏང་བ་དང་།   དེའི་ནང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཨ་སྒོར་ས་ཡ་ལྔ་བཏང་ལ།   མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡིས་ཨ་སྒོར་འབུམ་ལྔ་བཏང་།   ལས་གཞི་དེའི་ལག་བསྟར་དུས་ཡུན་ཉིས་སྟོང་ཉེར་ལྔ་ལོའི་ཟླ9པ་ནས་ཉིས་སྟོང་སུམ་ཅུ་ལོའི་ཟླ8པའི་བར་ཡིན་པ་དང་།  དམིགས་ཡུལ་ནི་མཚོ་ལྷོ་ཁུལ་དཔེ་སྟོན་དུ་བྱས་ཏེ།   ཀྲུང་གོའི་ནུབ་རྒྱུད་ཞིང་སྡེའི་ས་ཁུལ་གྱི་གནམ་གཤིས་འཕྲོད་བསྟུན་བྱེད་ནུས་དང་རྒྱུན་མཐུད་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་འཚོལ་ཞིབ་བྱེད་རྒྱུ་དེ་རེད།  ལས་གཞི་དེ་དུས་རིམ་བགོས་ཏེ་ཐོག་མར་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་ནས་ཚོད་ལྟ་བྱེད་པ་དང་།  རྗེས་སུ་ཀོས་ནན་རྫོང་དང་ཐུན་ཏེ་རྫོང་།   ཞིན་ཧེ་རྫོང་བཅས་སུ་ལག་བསྟར་བྱེད་རྒྱུ་རེད།    ལས་གཞིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་སྒྲོམ་གཞི་མཛུབ་ཁྲིད་དུ་བྱས་ཡོད་པ་དང་།   བྱེ་བྲག་གི་དམིགས་འབེན་ལ་ཞིང་སྡེའི་སྤྱི་བའི་ཞབས་ཞུའི་སྒྲིག་ཆས་ལེགས་བཅོས་བྱེད་པ་དང་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་ལ་ཡར་སྐུལ་བྱེད་པ།     རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་གྱི་ས་གནས་ཅན་གྱི་བྱེད་ནུས་དང་ཤུགས་རྐྱེན་ནུས་ཤུགས་མཐོར་འདེགས་གཏོང་བ་སོགས་ཡོད་ལ།   བདེ་ཐང་དང་ཕྱུག་འགྱུར།   སྤུས་ལེགས་སློབ་གསོ།   ཕོ་མོ་འདྲ་མཉམ།   དག་གཙང་འཐུང་ཆུ།   འཕྲོད་བསྟེན་སྒྲིག་ཆས་སོགས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་རྒྱུ་རེད།

2022ལོར།    མཚོ་ལྷོ་ཁུལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་དུ་བདམས་པ་དང་།   སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་དང་།    ཡང་བསྐྱར་བེད་སྤྱོད་བྱེད་ཆོག་པའི་ནུས་ཁུངས་དང་སྐྱེ་ཁམས་ཞིང་ཕྱུགས་ལས་སོགས་འཛུགས་སྐྲུན་འགན་འཁྲིའི་དཔེ་སྟོན་ཁུལ་ཡིན་པའི་ཆ་ནས།     མཚོ་ལྷོ་ཁུལ་མཚོ་འཕང་མཐོ་བ་དང་སྐྱེ་ཁམས་བཟང་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྷད་མེད་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་མཉམ་སྤེལ་གྱི་དཔེ་སྟོན་དུ་འགྱུར་བའི་རེ་བ་ཡོད།   རྒྱུས་ལོན་བྱུང་བ་ལྟར་ན།    ཐེངས་འདིའི་མཉམ་ལས་ཀྱིས་ས་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ལྷད་མེད་ཐོན་ལས་དགེ་མཚན་དང་ཟུང་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཞུགས་པའི་ཕན་ཚུན་གསབ་རེས་རང་བཞིན་གྱི་འགན་འཁྲི་དང་ལག་རྩལ་དགེ་མཚན་འདོན་སྤེལ་བྱས་པ་བརྒྱུད་དེ།   ཁྱབ་གདལ་དུ་བཏང་ཆོག་པའི་བཟོད་སྒོམ་རང་བཞིན་དང་གནམ་གཤིས་འཕྲོད་བསྟུན་རང་བཞིན་དྲག་པའི་འཕེལ་རྒྱས་རྣམ་པ་གསར་གཏོད་བྱས་ནས།    རྒྱལ་ཡོངས་ཀྱི་རིགས་འདྲ་བའི་ས་ཁུལ་གྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དོན་འཁྱོལ་བྱེད་པར་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།