
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་སྐབས། ས་གནས་སོ་སོའི་ཁྲོམ་གཞུང་ཆེ་ཆུང་ཚང་མར་ལྒང་བཞུ་བཀལ་ནས་དུས་ཆེན་གྱི་རྣམ་པས་ཁེངས།
ཡུན་ནན་ལི་ཅང་དུ། སྐར་ལྔའི་དར་དམར་ཁྲོམ་གཞུང་དུ་ལྷབ་ལྷུབ་ཏུ་གཡོ་ཞིང་། མེ་ཏོག་སྣ་ཚོགས་དང་རྫ་གཡམ་སྔོན་པོ། གནམ་སྔོན་པོ། སྤྲིན་དཀར་བོ་བཅས་ལ་བཀྲག་མདངས་འཚེར་བཞིན་མཆིས། ཧུའུ་པེ་དབྱི་ཁྲང་དུ། སྐར་ལྔའི་དར་དམར་དེ་གཞུང་ལམ་གཞོགས་གཉིས་ཀྱི་ལམ་སྒྲོན་གྱི་སྟེགས་བུའི་སྟེང་སྒྲིག་པས་སྔོ་ལྗང་གི་ལྗོན་ཤིང་དང་ཐོག་བརྩེགས་ཁང་ཆེན་བཅས་ཕན་ཚུན་གྱིས་བརྒྱན་ཡོད།
རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་ཐོན་ལ་ཉེ་པས་ག་ས་ཀུན་དུ་དགའ་སྤྲོའི་རྣམ་པས་ཁེངས། ཧུའུ་ནན་ནན་ཡའོ་དང་ཅང་ཞི་ནན་ཁྲང་སོགས་སུ་སྣ་མང་འཛད་སྤྱོད་ཀྱི་རྣམ་པ་བཏོད་ནས་གུང་གསེང་གི་དཔལ་འབྱོར་གསོན་ཤུགས་འཕེལ་བར་བྱས། ཀྲེ་ཅང་ཧུའུ་ཀྲོའུ་རུ། གུང་གསེང་སྐབས་སུ་སྤེལ་པའི་ཁྱད་ལྡན་བྱེད་སྒོས་ཡུལ་སྐོར་བ་མང་པོ་བཀུག་པ་དང་། མཛེས་ལྗོངས་ཁུལ་ཆེ་གྲས་ཁག་དང་དམངས་ཤག་སྔོན་མངག་བྱེད་ཚད་མུ་མཐུད་དུ་ཇེ་མང་དུ་སོང་། ཧི་ནན་དུ། ཡིག་གཟུགས་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་དེ་ཀྲིན་ཀྲིག་དང་ཨན་དབྱང་སོགས་ཀྱི་རྟེན་མཛོད་ཁང་དུ་སྤེལ། རྟེན་མཛོད་ཁང་དུ་སློབ་ཁྲིད་ལ་ཉན་པ་དང་ལོ་རྒྱུས་རྒྱུས་ལོན་བྱས་ནས། སློབ་མ་རྣམས་རང་ཉིད་ཀྱི་མྱོང་ཚོར་ཁྲོད་རིག་གནས་ཀྱི་རྩ་བ་བརྟན་པོ་ཆགས་སུ་བཅུག
ཨན་ཧུའེ་ཡུན་ཧྲིང་དུ། ཀོན་ཀྲུང་ཁྲོམ་གཞུང་རྙིང་པའི་སྲང་ལམ་གཙོ་བོ་དང་པིན་ཧི་གཙང་པོའི་འགྲམ་རྒྱུད་ཀྱི་སྨི་གྲུ་བཞི་མ་ཁྲི་ཡི་མཛེས་ལྗོངས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཤིང་། ཡུལ་སྐོར་བས་མཛེས་ལྗོངས་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག ཀྲུང་ཧྭའི་ཡུན་རིང་ལྡན་པའི་ལོ་རྒྱུས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་ཀྱང་ཉམས་སུ་མྱངས་ཐུབ། ཧྥུའུ་ཅན་ཞ་མོན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་དང་དེང་རབས་ཀྱི་གཞི་རྒྱུ་གསར་གཏོད་མཉམ་འདྲེས་བྱས་ཏེ། མཉམ་འགུལ་རང་བཞིན་ཆེ་བའི་གསར་གཏོད་རྣམ་གྲངས་རབ་དང་རིམ་པས་སྲོལ་རྒྱུན་རིག་གནས་སྔར་བས་དར་སྲོལ་ཆེ་བའི་རྣམ་པའི་ཐོག་ནས་ཡུལ་སྐོར་བའི་སེམས་སུ་སིམ་པར་བཅུག པེ་ཅིང་དུ། མཁར་སྡེའི་སྡོད་དམངས་ཀྱིས་མཉམ་དུ་བཟོས་པའི་ཁོར་སྲུང་མེ་ཏོག་གི་གློག་སྒྲོན400ལྷག་མཁར་སྡེའི་སྤྱི་གླིང་དུ་བཀར་ནས། གྲོང་མི་ཚོར་སྒོ་འགྲམ་དུ་དུས་ཆེན་གྱི་དྲོ་སྐྱིད་ཚོར་དུ་བཅུག སི་ཁྲོན་དབྱི་པིན་དུ། ས་སྲོད་ཁྲོད་ཐང་ཆེན་གྱི་གཞོགས་གཉིས་ཀྱི་གློག་སྒྲོན་དང་། མཆོད་རྟེན་ཐོག་ཁང་གི་རིམ་པ་བཀར་ཞིང་། ཉིན་འདི་དག་གི་རིང་ལ། མི་མེད་གནམ་གྲུ་ཉིས་སྟོང་ཉེར་ལྔ་དུས་མཉམ་དུ་བར་སྣང་དུ་འཕུར་ནས་བཀྲག་མདངས་འཚེར་བའི་རྣམ་པ་ཞིག་མངོན་ཡོད།
དུས་ཆེན་ཐོན་པ་དང་བསྟུན་ནས། ཞང་ཀང་དང་ཨའོ་མོན་གྱི་ལས་རིགས་སོ་སོས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ། རིག་རྩལ་འཁྲབ་སྟོན་སྣ་ཚོགས་ལས་ས་གནས་དེ་གའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་བསྡུ་རུབ་བྱས་ནས་དུས་ཆེན་གྱི་དྲོད་སྐྱིད་བརྒྱུད་སྤྲོད་བྱས།