
ཐེངས་འདིའི་རྒྱལ་སྟོན་དུས་ཆེན་དུ། མི་རྣམས་ཀྱིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱལ་སྟོན་ལ་རྟེན་འབྲེལ་དང་གུང་གསེང་དགའ་བས་རོལ་ཏེ། སྐྱིད་པའི་འཚོ་བ་ལོངས་སུ་སྤྱད།
ཚེས་གཅིག་ཉིན་ཧུའུ་པེ་ཝུའུ་ཧན་རུ། མེ་ཏོག་རླངས་འཁོར་ཆེ་གྲས་ཉི་ཤུ་ལྷག་གྲལ་བསྒྲིགས་ནས་བསྐྱོད་དེ། མི་རྣམས་ཀྱིས་མེ་ཏོག་རླངས་འཁོར་གྱི་བཟོ་དབྱིབས་ལས་དུས་རབས་ཀྱི་འཕེལ་རྒྱས་ལ་མྱོང་ཚོར་བྱེད་ཀྱིན་ཡོད། ལེའོ་ཉིང་ཧྲིན་དབྱང་གི་དམའ་དབྱིངས་འཕུར་སྐྱོད་འཁྲབ་སྟོན་གྱིས་གྲོང་མི་དང་ཡུལ་སྐོར་བར་གུང་གསེང་གི་ཚོར་བ་གསར་ཞིག་མྱོང་རོལ་བྱེད་དུ་བཅུག སི་ཁྲོན་སུའེ་ཉིན་དང་ཀོང་ཞི་ནན་ཉིན། ཧེ་ལུང་ཅང་སུའེ་ཧྭ་སོགས་ས་ཁུལ་ནས། མི་རྣམས་ཀྱིས་སྤྲོ་སྣང་ལྡན་པའི་འཁྲབ་སྟོན་རེ་རེ་དང་སྤུས་ལེགས་ཀྱི་ཤོག་དྲས་འདྲ་གཟུགས་རེ་རེ་ལས་དུས་རབས་གསར་པར་བསྔགས་བརྗོད་བྱས། ཨན་ཧུའེ་ཧོའེ་ཉིང་དུ། གུང་གསེང་སྐབས་སུ་དམངས་ཕན་འཁྲབ་སྟོན30ལྷག་བྱས་ནས། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།
རྒྱལ་སྟོན་གྱི་གུང་གསེང་སྐབས། མི་རྣམས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོ་ནས་མཛེས་སྡུག་གི་རི་ཀླུང་ཉམས་སུ་མྱོང་བཞིན་ཡོད། པེ་ཅིང་སོགས་གྲོང་ཁྱེར་ཆེ་གྲས་ཁག་གི་ཁོངས་གཏོགས་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་འབུམ་བཞི་ལྷག་སྣེ་ལེན་ཞུས། དབྱི་ཧོ་སྐྱེལ་ཚལ་དང་ཡོན་མིན་ཡོན་སོགས་རི་བོ་གསུམ་དང་ལྡུམ་ར་ལྔའི་ས་ཁུལ་དུ་ཡུལ་སྐོར་བ་ཧ་ཅང་མང་ལ། ལོ་བརྒྱའི་གསེར་སྤོས་མེ་ཏོག་དང་བརྗོད་དོན་མེ་ཏོག་སྟེགས་བུ་སོགས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་པར་རྒྱག་བཞིན་སྟོན་ཁའི་མཛེས་ལྗོངས་ལ་བལྟ་བཞིན་ཡོད། ཡུན་ནན་མུས་ལི་ཡི་ཐའེ་ཕིན་མཚེའུའི་ནགས་ཚལ་སྤྱི་གླིང་དུ། མུའུ་སྟོང་གི་ལུག་མཉེ་མེ་ཏོག་རབ་ཏུ་བཞད་པ་དེས་མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་བཞིན་ཡོད། ཧུའུ་ནན་ཞང་ཞི་ཧྥིན་ཧོང་གནའ་མཁར་དང་། ཀུའེ་ཀྲོའུ་ཧོང་གོ་ཧྲུའུ་ལྗོངས་ཁུལ་སོགས་སུ། གུང་གསེང་གི་ཉིན་དང་པོར་འགྲུལ་པ་མང་པོ་བསུས་ནས། ཡུལ་སྐོར་བའི་གྲངས་འབོར་དེ་ན་ནིང་གི་དུས་མཉམ་ལས5%ནས10%བར་འཕར།
ཡུལ་སྐོར་བ་ཐའོ་ལིན་ཧུང་གིས་བཤད་རྒྱུར། ས་འདི་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ལྟ་བ་དང་། འདི་ཕྱོགས་ཀྱི་རིག་གནས་སྣང་ཚུལ་ལ་མྱོང་རོལ་བྱེད་ཞོར། མེས་རྒྱལ་སྔར་ལས་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་དང་མི་དམངས་སྔར་བས་བདེ་ཞིང་འབྱོར་ཕྱུག་ལྡན་པའི་སྨོན་འདུན་ཞུ།
ས་གནས་སོ་སོས་རྒྱུན་མཐུད་ངང་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བསྐྲུན་ནས། མི་རྣམས་ཀྱི་སྣ་མང་ཅན་དང་རང་གཤིས་ཅན་གྱི་འཛད་སྤྱོད་དགོས་མཁོ་བསྐངས། ཧི་པེ་ཝུའུ་ཨན་གྱི་རི་བོ་ཐའེ་ཧང་དུ། སྲོལ་རྒྱུན་གྱི་རྡོ་རྩིག་བཟོ་རྩལ་ལ་བརྟེན་ནས་གྲོང་གསེབ་ཀྱི་ཚོང་འདུས་གཉེར་འགོ་ཚུགས་ལ། ཡུལ་སྐོར་བས་རང་གི་འདོད་བློ་དང་ཚིམས་པའི་ཚོང་ཟོག་འདེམས་ཆོག་པ་མ་ཟད། ད་དུང་རྨོ་འདེབས་རིག་གནས་ལ་ཉམས་ལེན་བྱས་ཆོག ཧྲང་ཧའེ་ཡུས་ཡོན་དུ་ས་གནས་དེ་དང་རྒྱལ་ཡོངས་ཀྱི་ས་ཆ་མང་པོའི་ཞིམ་ཟས་མང་པོ་འདུས་ཡོད་ལ། བརྗོད་དོན་ཞིམ་ཟས་ལམ་ཐིག་ཆེན་པོ་ལྔ་བཏོན་པས། ཡུལ་སྐོར་བས“ཟོང་རྟགས་རྙིང་བའི་བྲོ་བ་འཚོལ་བའི་ལམ་ཐིག”བརྒྱུད་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་རྩལ་ཉམས་ལེན་བྱས་ཆོག་པ་མ་ཟད།“རྒྱུགས་ཆེ་བའི་པར་ལེན་ས་གནས”བདམས་ནས་ཞིམ་ཟས་དང་རིག་གནས་གསར་གཏོད་ཀྱི་ཁྱད་ཆོས་མྱོང་ཚོར་བྱས་ཆོག ཧྥུའུ་ཅན་ཧྥུའུ་ཀྲོའུ་ཡི་གཞིས་གསུམ་སྲང་བདུན་དུ་ལྟ་སྐོར་ལམ་ཐིག8བཏོན་ལ། རྒྱལ་ཁབ་ཀྱི་སྲོལ་རྒྱུན་འཁྲབ་སྟོན་བྱེད་སྒོ་ཐེངས་བརྒྱ་ལྷག་སྤེལ་ནས། ཁྲོམ་གཞུང་དེ་རྒྱལ་ཁབ་ཀྱི་རྒྱུགས་ཆེ་བའི་རིག་གནས་ཀྱི་རྣམ་པ་གསར་པར་གྱུར་ཏེ། གུང་གསེང་གི་ཉིན་དང་པོར་ཡུལ་སྐོར་བ་མི་ཐེངས་འབུམ་གཅིག་ཁྲི་ལྔ་ལྷག་ཡོང་ཡོད།