མཚོ་སྔོན་ཞིང་ཆེན་གྱིས2025ལོའི་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་སྤེལ།
2025.10.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ9པའི་ཚེས26ཉིན་ནས་ཟླ10པའི་ཚེས8ཉིན་བར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས“ཟླ་མཆོད་དང་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི2025ལོའི་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་སྤེལ། “སྐྱེ་ཁམས་དང་མི་གཞུང་། མཉམ་འདྲེས། གསར་གཏོད”བཅས་ཀྱི་འཕེལ་རྒྱས་གཙོ་ཐིག་ཏུ་བྱས་ནས། ཟླ་མཆོད་ཀྱི་སྐབས་མཉམ་འཛོམས་དང་རྒྱལ་སྟོན་རྟེན་འབྲེལ་མཛད་སྒོ་བརྩེ་སེམས་ཀྱི་སྦྲེལ་ཐག་ཏུ་བྱེད་པ་དམ་པོར་དམིགས་ཏེ། “རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན”སྐྱེ་ཁམས་ཀྱི་རྨང་གཞི་དང་མཚོ་སྔོན་གྱི་སྣ་མང་མི་གཞུང་ཐོན་ཁུངས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། “ས་ཁོངས་ཡོངས་མཉམ་འགུལ་དང་དུས་གཏན་ཉམས་ལེན།    དམངས་ཡོངས་ཟབ་ཞུགས”ཀྱི་སྤྱི་ཕན་རང་བཞིན་གྱི་རིག་གནས་ཡུལ་སྐོར་མུ་འབྲེལ་བྱ་འགུལ་སྤེལ།

བྱ་འགུལ་གྱི་སྐབས་སུ། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་རིག་གནས་ཡུལ་སྐོར་སྡེ་ཁག་དང་མཉམ་འགུལ་བྱས་ཏེ། དུམ་བུ་ཆེན་པོ་བདུན་དང་སྣ145ཡོད་པའི་བྱ་འགུལ་ཇུས་འགོད་བྱས། དེ་ལ་སྐྱེ་ཁམས་ཡུལ་སྐོར་གྱི་ཐད་སྣ་བཅུ་དྲུག་དང་། རིག་གནས་ཡུལ་སྐོར་གྱི་ཐད་སྣ་ཉི་ཤུ། རིག་རྩལ་འཁྲབ་སྟོན་ཐད་སྣ་ཉེར་བཞི། མང་ཚོགས་ཀྱི་རིག་གནས་བྱ་འགུལ་ཐད་སྣ་ཉེར་བཞི། ཀློག་འདོན་ཁྱབ་སྤེལ་བྱ་འགུལ་ཐད་སྣ་ཉེར་བདུན། འགྲེམ་སྟོན་འགྲེལ་སྤེལ་ཐད་སྣ་བཅུ་གསུམ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན་བཅས་མཉམ་འདྲེས་ཀྱི་ཐད་སྣ་ཉེར་གཅིག་ཡོད།  སྐྱེ་ཁམས་ཡུལ་སྐོར་ཐད་ཀྱི་མཛེས་ལྗོངས་ཁུལ་བཅུ་དྲུག་དང་སྐྱེ་ཁམས་ཡུལ་སྐོར་ཉམས་ལེན་བྱེད་ས། སྒེར་འཁོར་སྒར་ས་སོགས་སུ་སྟོན་དུས་ཀྱི་མཛེས་ལྗོངས་ལ་བལྟ་ས་དང་ཞིང་པའི་ཁྱད་ལྡན་ཟས་མཆོག་རོལ་མྱོང་བྱེད་པ། ཞིང་ཁ་དང་ལྡུམ་རའི་འཁྲབ་སྟོན་ལ་ཉམས་ལེན་བྱེད་པ། རིག་གནས་སྒྱུ་རྩལ་མཛེས་ལྗོངས་ཁུལ་དུ་འགྲེམ་སྟོན་བྱེད་པ་བཅས་བྱས་ཏེ། བརྗོད་དོན་རོལ་དབྱངས་སྤྲོ་ཚོགས་སྒྲུབ་པ་དང་། སྟོན་དུས་ཀྱི་ཡུལ་སྐོར་ལམ་ཐིག་འགྲེམ་སྤེལ་བྱས་ནས། བྱིངས་སིམ་རྣམ་པའི་བུ་ཕྲུག་དང་མཉམ་དུ་ཉམས་ལེན་བྱེད་ས་བསྐྲུན་པ་དང་། པར་ལེན་དང་བརྙན་ཐུང་འགྲན་བསྡུར། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་བྱ་འགུལ་སྤེལ།

མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་མཚོ་སྔོན་ལོ་རྒྱུས་རིག་དངོས་འགྲེམ་སྟོན་དང་མཚོ་སྔོན་གནའ་རྫས་གྲུབ་འབྲས་འགྲེམ་སྟོན་སོགས་ཀྱི་འགྲེམ་སྤེལ་དང་། སན་ཞིན་ཏོས་དུར་རྫས་སྔོག་འདོན་བྱས་པའི་གནའ་རྫས་བརྙན་ཤེལ་ཉམས་ལེན་བྱ་འགུལ་དུས་རྒྱུན་དུ་སྤེལ་བཞིན་ཡོད་པ་མ་ཟད། རྟེན་མཛོད་ཁང་གིས་རྒྱལ་སྟོན་བསུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། གནའ་དེང་རིག་དངོས་གློག་མི་ཡིས་ཁ་བརྡ་བྱེད་པའི་བརྙན་ཐུང་ཁྱབ་སྤེལ་བྱས། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་འབྲི་ཆུའི་བསྟོད་གླུ་ཞེས་པའི་འབྲི་ཆུའི་འབབ་ཡུལ་གྱི་བརྙན་པར་བརྩམས་ཆོས་འགྲེམ་སྟོན་བྱས་པ་དང་།རྒྱུད་སྐུད་འོག་གི་མཚོ་སྔོན་ཞེས་པའི་ལེ་ཚན་བསྐོར་སྐྱོད་འཁྲབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གིས་༸བཀྲ་ཤིས་ཟླ་བ་ཚེས་བྱུང་། རྒྱལ་སྟོན་ཁྱིམ་ནས་བསུའོ་༸ཞེས་པའི་རིག་གནས་དམངས་ཕན་གྱི་བྱ་འགུལ་ཉིན་བརྒྱད་ཀྱི་རིང་ལ་སྤེལ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་གིས་དུས་རབས་གསར་བའི་མཚོ་སྔོན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡིག་ཆ་འགྲེམ་སྟོན་བྱེད་པ་དང་། བྱིས་པའི་དུས་བཞིའི་ཀློག་དེབ་ཞེས་པའི་གྱེར་འདོན་སྟེགས་བུའི་བརྩམས་ཆོས་འགྲེམ་སྟོན། བྱིས་པ་དང་ཁྱིམ་བདག་མཉམ་ཞུགས་བྱེད་པ་སོགས་ཀྱི་བྱ་འགུལ་བཅུ་ལྷག་སྤེལ་པ་དང་། བརྙན་གཏོང་ཚོམས་ཁང་རེ་དྲུག་པ་སྒོ་ཕྱེས་ནས་རྒྱལ་སྟོན་གྱི་གློག་བརྙན་འགྲེམ་གཏོང་བྱས།

དེ་ལས་གཞན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་རི་ཆུའི་འགོ་ཁུངས། ཡུལ་སྐོར་ལ་ཕན་པའི་མཚོ་སྔོན་ཞེས་པའི་རྒྱལ་སྟོན་རིག་དངོས་འཛད་སྤྱོད་ཟླ་བའི་བྱ་འགུལ་སྤེལ། གྲོང་ཁྱེར་དང་ཁུལ་སོ་སོས་ཀྱང་སྣ་མང་ཕུན་ཚོགས་ཀྱི་བྱ་འགུལ་སྤེལ་འཆར་རེད།

ཤ་བོ་རིན་མཚོ་དང་སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།