མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བདེ་འཇགས་འགོག་ར་བརྟན་སྲུང་བྱས།
2025.10.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ།    2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ནགས་རྩྭའི་ཁོངས་གཏོགས་ཀྱི་སྟོན་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་འགོ་རྩོམ་ཚོགས་འདུ་དང་ཚོད་ལྟའི་རྫོང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཆེད་ལས་རུ་ཁག་གི་རྩལ་ནུས་འགྲན་སྡུར་ཟི་ལིང་དུ་བསྡུས་པ་དང་།   2025ལོའི་ནགས་རྩྭའི་ཁོངས་གཏོགས་ཀྱི་ཚོད་ལྟའི་གནས་འཛུགས་སྐྲུན་བྱེད་པའི་ཟི་ལིང་གྲོང་ཁྱེར་དང་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་།   མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་།   ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་།   ཐིན་རིན་གྲོང་ཁྱེར་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཆེད་ལས་རུ་ཁག་གིས་མེ་འགོག་ཆེད་ལས་རྩལ་ནུས་ལ་དམིགས་ནས་འགྲན་སྡུར་སྤེལ་ཞིང་།   བསྡོམས་པས་མི་བརྒྱ་དང་ཉེར་ལྔ་དང་། ཁྲིད་དཔོན་རུ་ཁག་བཅུ་འགྲན་སྡུར་ཁྲོད་ཞུགས།

མེ་འགོག་བྱ་བའི་འགོག་ནི་སྔོན་འགྲོ་དང་སྲུང་ནི་རྨང་གཞི་ཡིན།    རྒྱུ་རྐྱེན་མང་པོའི་ཕྱོགས་ནས་ཞིབ་འཇུག་བརྡར་གཅོད་བྱས་ན།  ད་ལོའི་སྟོན་དགུན་དུས་ཀྱི་རང་ཞིང་གི་མེ་འགོག་གནས་བབ་སྔར་ལས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཡིན་པ་དང་།    ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་གནས་མང་ཞིང་།   སྔོན་འགོག་རྨང་གཞི་སྔར་བཞིན་ཉམས་ཞན་ཡིན་པས།   ཚད་མཐའི་བསམ་ཕྱོགས་བརྟན་པོར་བཙུགས་ནས་སྔོན་ལ་གྲ་སྒྲིག་བཟང་བོ་བྱེད་པ་དང་།   སྔོན་འགོག་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱེད་པ།    མེ་འགོག་གཙོ་གནད་དམ་འཛིན་བཅས་བྱས་ཏེ།    སྟོབས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་འགོག་ཐིག་བརྟན་སྲུང་བྱེད་དགོས།   ནགས་དཔོན་ལམ་ལུགས་ཀྱི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་།   ཏང་སྲིད་འགན་གཅིག་དང་ལས་གཅིག་འགན་གཉིས།    མཉམ་འཛིན་སྤྱི་འདོམས།   ལས་ཤོར་འགན་འདེད་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་རི་བོར་ལྟ་མཁན་ཡོད་པ་དང་ནགས་ལ་སྲུང་མཁན་ཡོད་པ།   མེ་ལ་དོ་དམ་བྱེད་མཁན་ཡོད་པ།   ལས་འགན་འཁུར་མཁན་ཡོད་པ་བཅས་ལ་འགན་སྲུང་བྱེད་པ་དང་།     དུས་རིམ་གཙོ་བོར་དམ་པོར་དམིགས་པ།     གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པར་བྱེད་པ།   མེ་ཁུངས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས།     གློག་སྐྱེལ་གློག་གཏོང་སྐུད་ལམ་གྱི་མངོན་མེད་རྐྱེན་ངན་དང་ནགས་ཚལ་གྱི་འབར་སླ་བའི་དངོས་པོ་གཙང་སེལ་བྱེད་དགོས་པའི་བླང་བྱ་བཏོན།

དེ་དང་མཉམ་དུ།    ལྟ་ཞིབ་ཚད་ལེན་སྔོན་བརྡའི་ནུས་པ་མཐོར་འདེགས་གཏོང་བ་དང་།    ཕྱོགས་ཡོངས་ལ་ཁེབས་པའི་ལྟ་ཞིབ་ཚད་ལེན་ལག་བསྟར་བྱས་ཏེ།    གནམ་གཤིས་དང་འཕྲལ་བསྟུན་སོགས་སྡེ་ཁག་བར་གྱི་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་བསྣན་ནས།    རིམ་བགར་དང་ལེན་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་།   ལྷག་པར་དུ་ཐག་རིང་འབྲོག་ཁུལ་དང་དགོང་མོའི་དུས་སྐབས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་ལ་དོ་ཁུར་བྱས་ཏེ།     ཉེན་བརྡ་སྔོན་བརྡའི་ཐད་འགན་འཛོལ་འབྱུང་བ་གཏན་འགོག་བྱེད་དགོས།   རྨང་གཞིའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས།    མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་མེ་འགོག་འཆར་འགོད་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་།      ད་ཡོད་ཀྱི་མེ་འགོག་དངོས་རྫས་ཕྱོགས་ཡོངས་ནས་ཞིབ་རྩིས་བྱེད་པ། གསོག་འཇོག་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ།    ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱི་དངོས་ཟོག་བཀོད་སྒྲིག་ནང་རྐྱེན་འཛུགས་དགོས།   ཆེད་ལས་དཔུང་སྡེ་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།   རྫོང་གཙོ་བོའི་ཆེད་ལས་དཔུང་སྡེ་ཕྱོགས་ཡོངས་ལ་ཁེབས་པར་བྱེད་དགོས།   དེ་མིན།     མཉམ་འགོག་མཉམ་འཛིན་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།  ལྟ་སྐུལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ།    ཆུ་ཚོད་ཉེར་བཞིའི་ལས་རེས་དང་འགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར། 

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།