མཚོ་སྔོན་ཞིང་ཆེན་གྱི་སྐབས34པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དྲིལ་བསྒྲགས་ཟླ་བ་འགོ་བརྩམས།
2025.10.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ཟླ9པའི་ཚེས26ཉིན། “མཉམ་འགུལ་གྱིས་འགོག་སྲུང་དྲ་བ་དམ་ཟབ་བསྐྲུན་པ་དང་། བྱ་རིགས་སྲུང་སྐྱོབ་ཀྱི་བདེ་འཇགས་ལམ་ཐིག་མཉམ་དུ་འཛུགས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས34པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ལ། དེའི་དམིགས་ཡུལ་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དྲིལ་བསྒྲགས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཕན་འབྲས་མུ་མཐུད་དུ་ཆེ་རུ་གཏོང་ཆེད་རེད།

རང་ཞིང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་དེ་ནགས་ཚལ་དང་རྩྭ་སའི་བྱ་བའི་འགན་འཁྲི་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོའི་གྲས་ཤིག་ཡིན་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་གཏན་འབེབས་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་རིམ་པས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་གཞུང་འགྲེམ་སྤེལ་བྱེད་པ། སྐམ་སའི་རི་སྐྱེས་སྲོག་ཆགས་གལ་ཆེན་གྱི་གནས་ཡུལ་ཁྱབ་བསྒྲགས་བྱེད་པ།  རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བཅས་བྱས་པས། རི་སྐྱེས་སྲོག་ཆགས་ཀྱི་རིགས་རྒྱུད་དང་འཚོ་སྡོད་གནས་ཕན་ནུས་ལྡན་པའི་སླར་གསོ་བྱུང་བ་མ་ཟད། རྩ་ཆེ་ཞིང་འཇིག་ཉེན་ཆེ་བའི་རིགས་རྒྱུད་ཀྱི་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་རིགས665ཡོད་པ་དང་། དེའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་རིགས41ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་རིགས117ཡོད། རི་དྭགས་གཙོད་ཀྱི་གྲངས་ཀ་ཁྲི་གཉིས་མེད་པ་ནས་སླར་གསོ་བྱུང་དེ་ཁྲི་བདུན་ལྷག་ལ་སླེབས་ཡོད་པ་དང་། དགོ་ཡི་གྲངས་ཀ300ལྷག་ཙམ་ནས3700ལྷག་བར་འཕར་ཡོད། གསའ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ལ་ཁྱབ་ཡོད་པ་དང་། གསའ་ཡི་གྲངས་ཀ1200ཡོད། གླ་ཡི་རིགས་ཁྲི་གཅིག་དང་སྟོང་བརྒྱད་ལྷག་ཡོད་ལ། གཅན་གཟན་གྱི་རིགས་སྟོང་གཉིས་ལས་བརྒལ་ཡོད།

རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྒྲིག་སྲོལ་དང་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་གནས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ།  རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་པ། “བསིལ་རླུང་འགུལ་སྐྱོད”དང“བྱ་རིགས་སྲུང་སྐྱོབ་ཀྱི་བྱ་སྤྱོད། ཁྲིམས་འགལ་གྱིས་རི་དྭགས་ལྐོག་རྔོན་དང་བྱ་རིགས་བཙོང་བའི་ཆེད་སྤྱོད་འགུལ་སྐྱོད”གཏིང་ཟབ་ཏུ་སྤེལ་བ་དང་།    རྐུ་རྔོན་དང་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་ནན་མོ་གཏོང་བ། ཕྱོགས་ཡོངས་ནས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དེ་དང་ཆབས་ཅིག དྲིལ་བསྒྲགས་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་དྲ་ཐོག་དང་ཡུལ་དངོས་སོགས་འབྲེལ་ལམ་སྣ་ཚོགས་ལ་བརྟེན་ནས་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་སེམས་ཁུར་དང་རྒྱབ་སྐྱོར།  ཟབ་ཞུགས་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས།

ཤ་བོ་རིན་མཚོས་བསྒྱུར།

 

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།