
ཟླ10པའི་ཚེས17ཉིན། ཧྲང་ཧའེ་དང་མགོ་ལོག མཚོ་ཤར་བཅས་ཀྱི་ཐོན་ལས་མཉམ་ལས་སྦྲེལ་མཐུད་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་དུ་བསྡུས། ལྗང་མདོག་ཐཱན་ཉུང་དང་། མི་ཐབས་རིག་ནུས། སྐྱེ་ཁམས་ཡུལ་སྐོར་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་ཧྲང་ཧའེ་ཡི་ཁེ་ལས30དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གི་འཐུས་མི་མཉམ་གཅིག་ཏུ་འཛོམས་ཏེ། མཉམ་ལས་འཕེལ་རྒྱས་ཐད་འཆར་གཞི་མཉམ་འགོད་བྱས།
ཐེངས་འདིའི་བྱེད་སྒོ་ལས་ཧྲང་ཧའེ་ཡི་མ་རྩ་དང་། ལག་རྩལ། འཇོན་མི། ཁྲོམ་ར་བཅས་ཀྱི་དགེ་མཚན་ལ་གཞི་བཅོལ་ཞིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ལ་རྒྱབ་བརྟེན་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་ཁྱད་འཕགས་ཁུལ་ཁོངས་འགྲིམ་འགྲུལ་དང་། ཐོན་ལས་རྨང་གཞི། འགན་ལེན་སྟེགས་བུ་སོགས་ཀྱི་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། རིམ་པ་མང་ཞིང་། ཁྱབ་ཁོངས་རྒྱ་ཆེ་བའི་མཉམ་ལས་ཀྱི་རྣམ་པ་གསར་པ་མཉམ་དུ་འཚོལ་ཞིབ་བྱེད་པ་དང་། ས་ཁོངས་དཔལ་འབྱོར་གྱི་བར་སྟོང་གསར་པ་རྒྱ་བསྐྱེད་ནས། མཚོ་སྔོན་དང་ཧྲང་ཧའེ་ཡི་མཐུན་སྦྱོར་མཉམ་ལས་རིམ་སྤོར་རྣམ་པ་བསྐྲུན་འཆར་རེད། དངུལ་གཏོང་འོས་སྦྱོར་དང་། རྣམ་གྲངས་མཆན་འགོད། ཁེ་ལས་བཞུགས་མོལ་དང་གནད་འཁེལ་སྦྲེལ་མཐུད་བརྒྱུད་དེ། ཐོན་ལས་མཉམ་ལས་ཀྱི་སྟེགས་བུ་གསར་པ་བསྐྲུན་རྒྱུ་རེད།
བྱེད་སྒོའི་ཡུལ་དངོས་སུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་གིས་གནས་བརྒལ་དཔལ་འབྱོར་གྱི་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་བཀོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ཤར་གྲོང་ཁྱེར་གྱིས་ལག་རྡང་མཉམ་སྦྲེལ་སྒོས་གནས་བརྒལ་དཔལ་འབྱོར་ཟུང་འབྲེལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་སྒང་གི་རང་བྱུང་ཁོར་ཡུག་གིས་འཕེལ་རྒྱས་ལ་བཀག་རྐྱེན་ཐེབས་པ་ནུས་ལྡན་སྒོས་སེལ་ཐུབ་ཅིང་། ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་སྲིད་ཇུས་ཀྱི་ཁེ་བཟང་ལོངས་སུ་སྤྱོད་པར་རོགས་འདེགས་བྱེད་ཐུབ་ལ། ལྷག་པར་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་སྤུས་འདེགས་ནུས་སྤེལ་དང་། ཧྲང་ཧའེ་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བར་སྟོང་གསར་པ་ཡངས་པོར་འབྱེད་རྒྱུ་རེད། ཐེངས་འདིའི་མཉམ་ལས་བརྒྱུད། མཚོ་ཤར་གྲོང་ཁྱེར་དེ་མཚོ་སྔོན་དང་ཧྲང་ཧའེ་ཡི་མཐུན་སྦྱོར་མཉམ་ལས་གཙོ་སྐྱོང་ལས་ཡུལ་དུ་འགྱུར་བར་བྱེད་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ཁུངས་རིན་ཐང་དེ་ཆེས་ཡིད་རྟོན་རུང་བའི་བར་བརྒྱུད་ས་ཚིགས་དང་འགྲེམ་སྟོན་སྒེའུ་ཁུང་དུ་འགྱུར་བར་བྱས་ཏེ། མཚོ་ཤར་གྲོང་ཁྱེར་གྱི་ཐོན་ལས་སྟེགས་བུ་དང་། ཁྲོམ་རའི་སྦྲེལ་སྣེ་བརྒྱུད་ནས། ཧྲང་ཧའེ་ཡི་མ་དངུལ་དང་། ལག་རྩལ། དོ་དམ་དང་སྦྲེལ་མཐུད་བྱེད་པ་དང་། ཧྲང་ཧའེ་ཡི་རྙིང་ཚབ་གསར་སྒྱུར་ཐད་རྒྱབ་སྐྱོར་དང་། མགོ་ལོག་གི་སྐྱེ་ཁམས་རིན་ཐང་བརྗེ་སྒྱུར་བྱ་བ་ཇེ་མགྱོགས་སུ་བཏང་མཐར། མཚོ་སྔོན་དང་ཧྲང་ཧའེ་ཡིས་ལག་རྡང་མཉམ་སྦྲེལ་དང་ས་གནས་གཉིས་ཀྱིས་མཐུན་སྦྱོར་མཉམ་ལས། ཕྱོགས་གསུམ་མཉམ་རྒྱལ་ཡོང་བ་བཅས་ཀྱི་རྣམ་པ་གསར་པ་ཞིག་གྲུབ་པར་བྱ་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།