
ཟླ10པའི་ཚེས17ཉིན་ནས་ཚེས19ཉིན་བར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ཡིས་ཡུས་ཧྲུའུ་ཁུལ་གྱི་བཟོ་ལས་ཆ་འཕྲིན་ཚོང་དོན་ཅུའུ་དང་མཉམ་འབྲེལ་བྱས་ཏེ་ས་གནས་ཀྱི་ཞིང་ལས་དང་འབྲེལ་བའི་ཁེ་ལས་དགུ་རྩ་འཛུགས་བྱས་ནས་ཐེན་ཅིན་དུ་སོང་སྟེ་ཀྲུང་གོའི་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་ཐེངས་ཉེར་གཉིས་པར་ཞུགས། ཡུས་ཧྲུའུ་ཡི་ནོར་ནག་དེ་ཞིང་ལས་སྤུས་ལེགས་ཟོང་རྟགས་གསོ་སྐྱོང་འཆར་གཞིའི་མཚོ་སྔོན་གྱི་འཐུས་ཚབ་ཡིན་པའི་ཆ་ནས་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་ཀྱི་ཟོང་རྟགས་ཀྱི་མཚན་མོ་ཞེས་པའི་ཐད་གཏོང་བརྒྱུད་དེ་ཞིང་བར་རོགས་སྐྱོར་བྱེད་པའི་བྱེད་སྒོའི་ཁྲོད་འབུར་དུ་ཐོན་ཡོད།
ཐེངས་འདིའི་ཡུས་ཧྲུའུ་ཁུལ་གྱི་ཉོ་ཚོང་འདུ་ཚོགས་ལ་ཞུགས་པའི་ཁེ་ལས་ཀྱིས་རང་ས་གནས་ཀྱི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ལས་སྣོན་དང་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་སོགས་ཁྱབ་ཁོངས་སུ་ཁེབས་ཡོད་པ་དང་། ཡུས་ཧྲུའུ་ནོར་ནག་དང་འབྲེལ་བའི་ལས་སྣོན་ཐོན་རྫས་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་ཁྱེར་ནས་འགྲེམ་སྟོན་ལ་ཞུགས་ཤིང་། ཐོན་རྫས་འགྲེམ་སྟོན་དང་ཡུལ་དངོས་མྱོང་རོལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་དང་ལྟད་མོ་རྣམས་ལ་ཡུས་ཧྲུའུ་ཡི་སྐྱེ་ཁམས་དང་སྤུས་ལེགས། ལྷད་མེད་ཀྱི་ཐོན་ལས་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་པར་བྱས།
ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་དང་མཉམ་དུ་སྤེལ་བའི་ཟོང་རྟགས་ཀྱི་མཚན་མོ་ཞེས་པའི་ཐད་གཏོང་བརྒྱུད་དེ་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོའི་ཁྲོད་ཡུས་ཧྲུའུ་ཡི་ནོར་ནག་གིས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སྐྱེ་ཁམས་ཀྱི་གསོ་སྤེལ་ཁོར་ཡུག དེ་མིན་ཕུན་སུམ་ཚོགས་པའི་འཚོ་བཅུད་རིན་ཐང་ལ་བརྟེན་ནས་ངོ་སྤྲོད་བྱ་ཡུལ་གཙོ་བོར་གྱུར།
འགྲེམ་སྟོན་ལ་ཞུགས་པ་བརྒྱུད་དེ་རང་ས་གནས་ཀྱི་ཁེ་ལས་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་བར་ཉོ་ཚོང་འབྲེལ་ཟམ་བཙུགས་ནས། ཁྱད་ལྡན་ཐོན་ལས་ཕྱིར་གཏོང་ལ་རོགས་འདེགས་བྱས་པ་དང་། ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་ཀྱི་སྟེགས་བུ་བརྒྱུད་དེ་ཐོན་ལས་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཡུས་ཧྲུའུ་ཁུལ་གྱིས་ལྷད་མེད་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་འདོན་སྤྲོད་ཁུལ་གཙོ་བོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་གསར་པ་བསྩལ།
ལྷ་མོ་ཚེ་རིང་གིས་བསྒྱུར།