
ཟླ10པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་གྱི་གཙགས་དྲུབ་ཅེས་པའི་བརྩམས་ཆོས་འགྲན་སྡུར་སྐབས་བཞི་པ་མཇུག་སྒྲིལ། གྲོང་ཁྱེར་དང་ཁུལ་སོ་སོའི་རིག་གནས་དང་ཡུལ་སྐོར་ཅུའུ་ཡིས་གདམ་གསེས་འོས་སྦྱོར་བྱས་པའི་གཙགས་དྲུབ་བརྩམས་ཆོས་ཉིས་བརྒྱ་བཞི་བཅུ་ལ་རྒྱུ་ཆ་ཞིབ་བཤེར་དང་ཆེད་མཁས་པས་ཚན་ཆུང་བགར་ནས་དཔྱད་བཤེར། བསྐྱར་བཤེར་ཚན་ཆུང་གིས་བསྐྱར་ཞུས། འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བཅས་བྱས་པ་བརྒྱུད་བསྡོམས་པས་ཨང་དང་པོ་གསུམ་དང་ཨང་གཉིས་པ་དྲུག ཨང་གསུམ་པ་དགུ། ཕུལ་བྱུང་བྱ་དགའ་བཅུ། གསར་གཏོད་བྱ་དགའ་བཅུ་བཅས་བདམས་ཐོན་བྱུང་།
ཐེངས་འདིའི་འགྲན་སྡུར་གྱིས་བརྗེ་རེས་སྟེགས་བུ་འཛུགས་པ་དང་། མཚོ་སྔོན་གཙགས་དྲུབ་ཀྱི་ལས་སྒྲུབ་མི་སྣའི་ལས་གཏོད་སྤྲོ་སེམས་ཆེ་རུ་བསྐྱེད་པ། ཞིང་ཆེན་ཡོངས་ཀྱི་མཚོ་སྔོན་གཙགས་དྲུབ་སྒྱུ་རྩལ་སྲུང་སྐྱོབ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱེད་པ། མི་རིགས་སོ་སོས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་བསྲེས་བཅས་བྱེད་པར་ཡར་སྐུལ་བྱེད་པ། མཚོ་སྔོན་གྱི་གཙགས་དྲུབ་ཐོན་རྫས་དེང་རབས་འཚོ་བའི་ཁྲོད་འདྲེས་པར་བྱེད་པ། མཚོ་སྔོན་གཙགས་དྲུབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་བཅས་དམིགས་ཡུལ་དུ་བཟུང་ཡོད།
ཐེངས་འདིའི་འགྲན་སྡུར་གྱིས་རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན་གྱི་གཙགས་དྲུབ་ཅེས་པའི་བརྗོད་དོན་ལ་དམིགས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ། རྫོང་དང་ཆུའུ་རིམ་པ་བཅས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ཁྲོད་ཚུད་པའི་གཙགས་དྲུབ་རིགས་ཀྱི་གཟུགས་འདས་ཤུལ་བཞག་ལས་གཞི་གཙོར་བཟུང་སྟེ། ཞིང་ཆེན་ཡོངས་སུ་གཙགས་དྲུབ་བརྩམས་ཆོས་གདམ་གསེས་བྱས་ནས་རྩ་འཛུགས་བྱས་ཏེ་མིང་ཐོ་འགོད་པ་དང་རྒྱུ་ཆ་ཞིབ་བཤེར། བརྩམས་ཆོས་རིགས་བགར། ཆེད་མཁས་པས་དཔྱད་བཤེར། མཇུག་འབྲས་ཡོངས་བསྒྲགས། བྱ་དགའ་སྟེར་བ་སོགས་ཀྱི་གོ་རིམ་ལྟར་སྤེལ།
ཉེ་བའི་ལོ་འགའི་རིང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་མཚོ་སྔོན་གྱི་གཙགས་དྲུབ་ཐོན་ཁུངས་ལ་ཞིབ་བཤེར་དང་རིག་གཞུང་ཞིབ་འཇུག སྲིད་ཇུས་གཏན་འབེབས། རྒྱུན་འཛིན་པ་སྐྱེད་སྲིང་། ཐོན་རྫས་གསར་གཏོད། དྲིལ་སྒྲོག་ཁྱབ་གདལ་སོགས་ཕྱོགས་ལ་དམིགས་ནས་ལས་དོན་རབ་དང་རིམ་པ་སྤེལ་ཞིང་། གྲུབ་འབྲས་ཀྱང་ངེས་ཅན་ཞིག་བླངས་ཡོད། ལྷག་པར་དུ་མཚོ་སྔོན་གཙགས་དྲུབ་ཀྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ནས་རྒྱུན་མཐུད་ངང་མཚོ་སྔོན་གཙགས་དྲུབ་ཀྱི་འགྲན་སྡུར་ཆེན་མོ་སྐབས་གསུམ་བསྡུས་པར་མ་ཟད། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཁང་དུ་མཚོ་སྔོན་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས། གསར་གཏོད་བཅས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས་ཏེ། མཚོ་སྔོན་གཙགས་དྲུབ་ཀྱི་ཟོང་རྟགས་མིང་གྲགས་སྔར་ལས་མཐོར་འདེགས་གཏོང་བར་རྨང་གཞི་བརྟན་པོ་བཏིངས།
ལྷ་མོ་ཚེ་རིང་གིས་བསྒྱུར།