མཚོ་སྔོན་གྱི་དྲོད་ལེན་གཙང་མ་བསྒྱུར་བཀོད་ཀྱི་རྣམ་གྲངས་ཀྱིས་མང་ཚོགས་ས་ཡ་གཅིག་ལྷག་ལ་ཕན་ཐོགས།
2025.11.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནུས་ཁུངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པ》ནས་བཟུང་། མཚོ་སྔོན་གྱིས“ཐཱན་གཉིས”དམིགས་འབེན་འབད་པས་ལག་ལེན་བྱས་པ་དང་།    “རྡོ་སོལ་གློག་བསྒྱུར”དང་།   “རྡོ་སོལ་རླངས་བསྒྱུར” དེ་མིན་ས་དྲོད་མཁོ་འདོན་སོགས་ཀྱི་རྣམ་གྲངས་རྒྱུན་མཐུད་ངང་ལག་ཏུ་བསྟར་བ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཉིས་དུང་ཕྱུར་དྲུག་བཏང་། ཞིང་ཆེན་ཡོངས་ཀྱི་དྲོད་ལེན་གཙང་མ་བསྒྱུར་བཀོད་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་བྱེ་བ་གསུམ་ས་ཡ་བདུན་བདུན་འབུམ་བཞི་ཁྲི་ཟིན་པ་དང་། དྲོད་ལེན་གཙང་མ་འདོན་ཚད་བརྒྱ་ཆའི་གྲངས་གནས13འཕར་ནས། མང་ཚོགས་ས་ཡ་གཅིག་ལྷག་ལ་ཕན་ཐོགས།

ཞིང་ཆེན་ནུས་ཁུངས་ཅུའུ་ཡིས“གློག་འཚམ་ན་གློག་དང་། སོལ་རླངས་འཚམ་ན་སོལ་རླངས། རྡོ་སོལ་འཚམ་ན་རྡོ་སོལ། དྲོད་འཚམ་ན་དྲོད”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། དྲོད་ལེན་གཙང་མའི་བྱ་བ་སོ་སོ་བརྟན་བརླིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་དྲོད་ལེན་གཙང་མ་འདོན་ཚད་མཐོར་འདེགས་ཆེས་ཆེར་བཏང་བ་དང་། རླུང་ཁམས་ཆེན་པོའི་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན། མང་ཚོགས་ཀྱིས་དྲོད་ལེན་པའི་ཆ་རྐྱེན་ལེགས་བཅོས་བྱས། ཞིང་ཆེན་ཡོངས་ཀྱི་རྡོ་སོལ་གཙོར་འཛིན་པའི་དྲོད་ལེན་གྲུབ་ཚུལ་ལ་རྩ་བ་ནས་འགྱུར་ལྡོག་བཏང་བ་དང་། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་དང་། ཧེ་ཡན་རྫོང་གཉིས་ཀྱིས་མཁར་གྲོང་གི་དྲོད་ལེན་གཙང་མ་ཁྱོན་ཡོངས་སུ་ཁྱབ་ཡོད་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་།   མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྫོང་དང་ཡུལ་ཚོ་ཁག་ཅིག་ལ་དྲོད་ལེན་གཙང་མ་འདོན་སྤྲོད་བྱས་ཡོད།

དྲོད་ལེན་གཙང་མའི་རྣམ་གྲངས་ལག་ཏུ་བསྟར་བའི་ཁྲོད། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་ནས་ལྗང་མདོག་འཕེལ་རྒྱས་ལ་ནུས་པ་བསྩལ་བ་དང་། ས་དེའི་ཐོན་ཁུངས་ཀྱི་དགེ་མཚན་དང་འཚམ་པའི་དྲོད་ལེན་གཙང་མའི་ཕན་ནུས་མཐོ་བའི་བྱེད་སྟངས་སྤྱད་དེ། ས་དྲོད་ཐོན་ཁུངས་ཕུན་སུམ་ཚོགས་པའི་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་ས་འོག་ཚ་ནུས་དྲོད་འདོན་ལ་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་ས་དྲོད་ཀྱི་དྲོད་འདོན་ཟིན་ཚད40%ཟིན་པ་དང་། སྦུག་ལམ་གྱི་རང་བྱུང་སོལ་རླངས་གསར་དུ་བསྣན་པའི་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་དུ་རང་བྱུང་སོལ་རླངས་ཀྱི་དྲོད་འདོན་བསྒྱུར་བཀོད་གོ་རིམ་ལྡན་པའི་སྒོ་ནས་ལག་ཏུ་བསྟར། ཆ་རྐྱེན་ལྡན་པའི་ས་ཁུལ་དུ་འབུད་ཚད་ཧ་ཅང་དམའ་བའི་ཚ་གློག་མཉམ་ཐོན་གཅིག་བསྡུས་དྲོད་འདོན་ལ་སྐུལ་འདེད་བཏང་། ས་ཁུལ་གཞན་དག་ཏུ“རྡོ་སོལ་གློག་བསྒྱུར”ལག་ཏུ་བསྟར།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས། མཚོ་སྔོན་གྱི་དྲོད་ལེན་གཙང་མའི་གློག་སྤྱོད་ཐེག་ཁུར་ཏུའུ་ལྔ་འབུམ་བརྒྱད་ཁྲི་འཕར་བ་དང་། ལོ་རེའི་གློག་སྤྱོད་ཚད་དུས་ཚོད་རེར་ཏུའུ་ཐེར་འབུམ་གསུམ་ཡིན་པ་དེ་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་དགུ་འབུམ་ཙམ་གྲོན་ཆུང་བྱེད་པ་དང་། ལོ་རེར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ས་ཡ་གཉིས་སུམ་འབུམ་དགུ་ཁྲི་དང་ཏན་དབྱང་འགྱུར་རྫས་འབུད་ཚད་ཏུན7200ཙམ་ཇེ་ཉུང་དུ་བཏང་བ་དང་མཚུངས་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་སྲུང་སྐྱོང་ལེགས་པོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

གཞན་ཡང་མཚོ་སྔོན་གྱིས་དྲོད་ལེན་གཙང་མའི་འདོན་ཚད་མཐོ་དུས་དང་དམའ་དུས་ཀྱི་གློག་རིན་སྲིད་ཇུས་བེད་སྤྱོད་ནུས་ལྡན་བྱས་ཏེ། དྲོད་གསོག་རྣམ་པའི་གློག་གི་ཁྲོ་ཐབ་གཙོ་ཡིན་པའི་དྲོད་ལེན་གཙང་མའི་ལག་རྩལ་རྒྱ་ཆེར་ཁྱབ་གདལ་བཏང་སྟེ།    སྤྱོད་མཁན་གྱིས་ཉིན་དཀར་གློག་འདོན་ཚད་དམའ་དུས་སུ་དུས་ཚོད་རེར་ཏུའུ་གཅིག་ལ་སྒོར་ཞོ་གཅིག་སྐར་མ་དྲུག་གི་གཟིགས་སྐྱོང་གློག་རིན་ཐོག་ནས་དྲོད་གསོག་བྱེད་ཐུབ་པ་དང་། མཚན་མོར་དྲོད་གཏོང་བརྒྱུད་དེ་དྲོན་ལེན་དགོས་མཁོ་སྐོང་ཐུབ་པ་རེད།     དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱིས་རིག་ནུས་དྲོད་འདོན་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། གཞི་གྲངས་ཆེན་པོའི་ལག་རྩལ་སྤྱད་དེ་དྲོད་ཚད་ཚོད་འཛིན་དང་རྩེ་སྙོམས་སོགས་ཀྱི་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། ཞབས་ཞུའི་སྤུས་ཚད་ནུས་ལྡན་མཐོར་འདེགས་བཏང་ནས་དྲོད་ལེན་དུས་ཚིགས་སུ་ཁང་བའི་ནང་གི་དྲོད་ཚད་སྔར་བས་གཏན་འཇགས་དང་སྐྱིད་སྣང་ཚད་ལྡབ་འགྱུར་གྱིས་ཇེ་ཆེར་སོང་ཡོད།

མཚོ་མོ་སྐྱིད་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།