
ཟླ11པའི་ཚེས13ཉིན། གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་མུ་འབྲེལ་བརྗོད་དོན་གཙོ་བོའི་འཕེལ་རྒྱས་བཅོས་སྒྱུར་གྱི་ཆེད་དོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་་འགྲུབ་ལ་ཉེ་བ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཁྲག་ཁྲིག་བཞི་ཡི་སྐས་རིམ་གསར་པར་འཕར་རྒྱུའི་རེ་བ་ཡོད་པ་དང་། སྡོད་དམངས་ཡོངས་ལ་བགོ་བཤའ་བརྒྱབ་ཆོག་པའི་མི་རེའི་ཡོང་འབབ་སྒོར་ཁྲི3ལས་བརྒལ་ཡོད་ལ། “ཀྲུང་ཧྭའི་ཆུ་མཛོད”སྔར་ལས་སྲ་བརྟན་དང་ཕུན་སུམ་ཚོགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་བཅས་རེད།
ལོ་ལྔའི་རིང་ལ། མཚོ་སྔོན་གྱིས“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུའི་བློ་ཐག་རྦད་ཆོད་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་གྱི་སྲོལ་ཡིག་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ལེགས་པོ་བསྐྲུན་པའི་སྤྱིའི་འཆར་འགོད་པར་འགྲེམས་བྱས་ཡོད། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་བ་དང་། རིམ་རྩིས་བྱས་ན་རྒྱལ་ཁབ་ས་ཁོངས་ལྗང་འགྱུར་གྱི་ཚད་མུའུ་བྱེ་བ་གཉིས་དང་ས་ཡ་དྲུག་ལ་སླེབས་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི75%ཟིན་ཡོད། “ཚེ་སྲོག་གི་བྱེའུ་ཚང”མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཚོགས་ཆེན་གྱི་དཔེ་མཚོན་གྱོད་དཔེ་རུ་བདམས། སྦགས་བཙོག་འགོག་བཅོས་ཀྱི་ཕན་འབྲས་མངོན་གསལ་ཡིན་པ་དང་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད95%ཟིན་ཡོད།
གཞུང་ཁོངས་ཁེ་ལས་བཅོས་སྒྱུར་བསྐྱར་སྒྲིག་ལ་ཚད་བརྒལ་གལ་ཆེན་བྱུང་ཞིང་། རྒྱལ་ཡོངས་སུ་ཟས་སྣུམ་གྱི་ཁྲོམ་ར་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་བཅོས་སྒྱུར་དང་ཚོད་ལྟ་སྔོན་ལ་སྤེལ་བ་རེད། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་ནས་ཚོང་གཉེར་བྱེད་པོའི་ཁྱིམ་ཚང་འབུམ་དྲུག་ལས་བརྒལ་ཡོད། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་འགན་བཅོལ་ཁུལ་དང་པོའི་འགག་སྒོ་བཀག་ནས་གཉེར་སྐྱོང་བྱས་པ་དང་། ཟི་ལིང་དང་མཚོ་ཤར་རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི་ནུས་ཆེའི་འཁོར་སྐྱོད་དང་། རིམ་རྩིས་གྱིས་རྒྱལ་སྤྱིའི་འགྲུལ་སྐྱོད་མེ་འཁོར561བཏང་བ། ཕྱི་ཕྱོགས་ཚོང་དོན་གྱི“གྲོགས་ཚོམ”རྒྱལ་ཁབ་དང་ས་ཁུལ113ལ་རྒྱ་ཆེར་བཏང་ཡོད།
དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་འཆམ་མཐུན་གྱི་རྨང་གཞི་སྔར་ལས་མངོན་གསལ་དུ་གྱུར་ཡོད། རིམ་ལྔའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་རྒྱ་རིམ་བཞིན་འཐུས་ཚང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་མཁར་གྲོང་གི་ལས་ཞུགས་མི་གྲངས་འབུམ་གསུམ་དང་ཁྲི་གཉིས་སྟོང་བཞི་དྲུག་བརྒྱ་ལྷག་གསར་དུ་བསྣན་པ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཚུལ་སྒྱུར་ལས་ཞུགས་མི་ཐེངས་ས་ཡ་ལྔ་དང་འབུམ་ལྔ་སྟོང་གཅིག་ལྷག་བསྣན་ཡོད། མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སོགས་མཐོ་སློབ་ཀྱིས་སློབ་མ་བསྡུ་བ་དང་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གྲོང་ཁྱེར་དང་ཁུལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ལ། སྨན་བཅོས་འགན་སྲུང་ཐད་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་སྔོན་ལ་ལག་བསྟར་བྱས་པ་དང་ཁྱིམ་ཚང་འབུམ་གསུམ་དང་ཁྲི་བརྒྱད་ཀྱི་སྡོད་ཁང་ཇེ་ལེགས་སུ་ཕྱིན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ས་ཁོངས་ཡོངས་ལ་སྐུལ་འདེད་བཏང་བ་དང་། སྡེ་ཁུལ388ཀྱི“སེ་འབྲུའི་ཁྱིམ་གཞིར”མི་རིགས་སོ་སོ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ལོ12རིང་བསྟུད་མར་ཇེ་མཐོར་ཕྱིན་ཡོད།
ཤ་བོ་རིན་མཚོས་བསྒྱུར།