
ཟླ11པའི་ཚེས19ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚོང་དོན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཚོང་དོན་ཅུའུ་ཡིས་ད་ལོའི་ཚུན་དུ་ཉོ་ཚོང་མ་ལག་འཐུས་ཚང་འཛུགས་པ་གཞི་རྩ་རུ་བྱེད་པ་དང་། གློག་རྡུལ་ཚོང་དོན་གྱི་སྒུལ་ནུས་བསྐྱེད་པ་འདེགས་ཤུགས་སུ་བྱེད་པ། ཐོན་འབོར་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་པ་གཙོ་དོན་དུ་བྱེད་པ་དང་། ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་ཐབས་ལམ་དུ་བྱས་ཏེ། སྦྲེལ་མཐུད་བྱ་བར་མུ་མཐུད་སྐུལ་འདེད་བཏང་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། ཞིང་ལས་ཐོན་རྫས་དྲ་ལམ་ཕྱིར་འཚོང་གི་དུས་མཉམ་གྱི་འཕར་ཚད་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་དགུ་དང་། འཕང་འབྲས་ཕྱིར་གཏོང་འབོར་གྲངས་དུས་མཉམ་ལས་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་གསུམ་འཕར་བ་སོགས་མངོན་འགྱུར་བྱས་ནས་གྲུབ་འབྲས་མི་དམན་པ་བླངས་ནས། གྲོང་གསེབ་ཐོན་ལས་སྤུས་འདེགས་རིམ་སྤོར་ཐད་རྒྱུན་མཐུད་ངང་ཤུགས་དྲག་པའི་ཉོ་ཚོང་ཐད་ཀྱི་གསོན་ཤུགས་བསྣན།
རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཚོང་ལས་དྲ་རྒྱ་དང་གྲོང་གསེབ་དངོས་ཟོག་འཁོར་རྒྱུགས་སྐྱེལ་སྤྲོད་མ་ལག་གཙོར་བཟུང་སྟེ། མཚོ་ནུབ་ཁུལ་གྱིས་རྫོང་ཁོངས་ཀྱི་ཚོང་ལས་དྲ་གནས་སྒྲིག་ཆས་རིམ་སྤོར་བྱེད་པ་དང་། བྱེད་ནུས་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཚོང་རའི་གཙོ་གཞི་རྒྱ་ཆེ་རུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་བྱེད་པ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། 2025ལོའི་ཞིང་ཆེན་རིམ་པའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ཆེད་སྤྱོད་མ་དངུལ་གྱི་ལས་གཞི་བཅུ་བདེ་བླག་ངང་རེ་ཞུ་བྱས་ཏེ་རོགས་དངུལ་སྒོར་ས་ཡ་དྲུག་འབུམ་བཞི་ཁྲི་དགུ་དང་སྟོང་ལྔ་བརྩོན་ལེན་བྱས། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་ལས་གཞི་ལྔ་རེ་ཞུ་བྱས་ཏེ། ཀྲུང་དབྱང་གི་རོགས་དངུལ་སྒོར་ས་ཡ་བདུན་འབུམ་གཉིས་དང་སྟོང་བཞི་དགུ་བརྒྱ་བརྩོན་ལེན་བྱས་ནས། རྫོང་རིམ་པའི་དངོས་ཟོག་འཁོར་རྒྱུགས་སྐྱེལ་སྤྲོད་ལྟེ་གནས་དང་། གྲོང་གསེབ་མུ་འབྲེལ་ཚོང་ཁང་ཆེན་པོ། ཉོ་ཚོང་ལྟེ་གནས། གྲོང་གསེབ་འཛད་སྤྱོད་གཅིག་འདུས་ཁུལ་སོགས་ཕྱོགས་མང་པོར་ཁེབས་པར་བྱས་ཤིང་། རྫོང་ཁོངས་ནང་ཁུལ་གྱི་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཐད་སྐུལ་འདེད་ནུས་ལྡན་བཏང་ནས། གྲོང་གསེབ་ཐོན་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རོགས་ཤུགས་བཏོན།
འཕང་འབྲས་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ། ཆེད་ལས་ཅན་གྱི་ཉོ་ཚོང་ཚོང་ར་གཉིས་དང་། ཁུལ་ཁོངས་རང་བཞིན་གྱི་འཁྱག་འབྲེལ་འཁོར་རྒྱུགས་ལྟེ་གནས་གཅིག ཚོང་གཉེར་དྲ་གནས་དགུ་བཅས་བཙུགས་ནས། རློན་ཟས་རིགས་ཀྱི་ཞིང་ལས་ཐོན་རྫས་ནུས་མཐོ་སྒོས་ཕྱིར་བསྐྱེལ་ཐུབ་པར་འགན་སྲུང་བྱས། འཕང་འབྲས་དང་ཤིང་ཏོག་རིགས་ཐོག་མར་འགྲེམས་སྤེལ་དང་ཁུངས་འདེད་ཀྱི་ཐད་གཏོང་བྱ་འགུལ་སྤེལ་བར་སྣེ་ཁྲིད་དེ། སྒེར་ངོས་ཀྱི་ཚོགས་སྤྱི་དང་ཆེད་ལས་ཐད་གཏོང་མཁན་སོགས་བཅུ་གཅིག་ལྷག་གདན་ཞུ་བྱས་ནས་གཞི་རིམ་དུ་ཟབ་ཞུགས་བྱས་ཤིང་། ཡུལ་དངོས་སུ་བརྙན་ལེན་པ་དང་། ཡུལ་དངོས་ནས་དཔྱད་འཇོག་ཚད་ལེན་བྱས་པར་བརྟེན་ཐོན་རྫས་ཀྱི་སྤུས་ཀ་ཕྱིར་མངོན་པར་བྱས། གློག་རྡུལ་ཚོང་དོན་གྲོང་གསེབ་དུ་བསྐྱོད་པའི་དཔེ་མཚོན་བསྐྲུན་པ་དང་། ཏུའུ་ལན་རྫོང་དེ་མཚོ་སྔོན་གྱི་དུས་མཉམ་དུ་རྒྱལ་ཡོངས་ཀྱི་གྲོང་གསེབ་གློག་རྡུལ་ཚོང་དོན་གྱི་དཔེ་གཞི་གཉིས་ཀྱི་ནང་ཚུད་པའི་རྫོང་མཁར་ཐོག་མར་གྱུར།
ཁེ་ལས་རྩ་འཛུགས་བྱས་ཐོག་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་ཀྱི་བྱ་འགུལ་ཁྲོད་ཞུགས་སུ་བཅུག་སྟེ། ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་ཐོན་ཁུངས་སྡེབ་སྒྲིག་དང་། ཁེ་ལས་གཙོ་རྒྱུགས་གློག་རྡུལ་ཚོང་དོན་སྟེགས་བུར་བཅའ་སྡོད་བྱེད་པར་སྐུལ་འདེད་བཏང་ཞིང་། དྲ་ལམ་གྱི་ཆེད་འཚོང་ཁུལ་མང་པོ་བདག་གཉེར་བྱས་ཏེ། ཐོན་རྫས་རིགས་སྣ་བཞི་བརྒྱ་ལྷག་ཚོང་སྟེགས་ཐོག་བཞག ཟླ་དང་པོ་ནས་ཟླ་བཅུ་པའི་བར་ཞིང་ལས་ཐོན་རྫས་དྲ་ལམ་ཕྱིར་འཚོང་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་དྲུག་ལ་སླེབས་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་དགུ་འཕར། ཁེ་ལས་དག་ཁྲུན་ཆིང་དང་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སོགས་འགྲེམ་ཚོགས་སུ་ཞུགས་པར་རྩ་འཛུགས་བྱས་ཏེ། ཡུན་རིང་མཁོ་འདོན་གྱི་ཚོང་ལས་མཉམ་ལས་ལས་གཞི་ཉི་ཤུ་ལེགས་འགྲུབ་བྱུང་ཞིང་། སྒོར་བྱེ་བ་གསུམ་ལས་བརྒལ་བའི་གན་རྒྱ་བཞག རྒྱལ་སྤྱིའི་ཐོན་རྫས་དཔང་ཡིག་ལེན་པར་མུ་མཐུད་ཤུགས་བསྣན་ཏེ། ཁུལ་ཁོངས་ཀྱི་འཕང་འབྲས་ཁེ་ལས་བཅུ་གསུམ་ལ་ཞང་ཀང་གི་ཚད་གཞི་དང་ཞིབ་བཤེར་ངོས་འཛིན་ལྟེ་གནས་དང་། ཡོ་རོབ་མནའ་འབྲེལ་གྱི་སྐྱེ་ལྡན་སོགས་རྒྱལ་སྤྱིའི་དཔང་ཡིག་ཐོབ། ཡོ་ནན་དུ་ཁྱད་ལྡན་ཆེད་འཚོང་སྒྲོམ་སྟེགས་བཙུགས་ཏེ། གྲོ་ཡི་ས་བོན་དང་། འཕྲང་འབྲས་ཀྱི་ཇ་ཐོག་མར་ཕྱིར་རྒྱལ་དུ་འཚོང་བར་སྐུལ་འདེད་བཏང་། ཟླ་དང་པོ་ནས་ཟླ་དགུ་པའི་བར་དུ་འཕང་འབྲས་ཕྱིར་འཚོང་དངུལ་འབོར་སྒོར་བྱེ་བ་གཅིག་ས་ཡ་ལྔ་འབུམ་དྲུག་དང་སྟོང་ལྔ་ལ་སླེབས་ཤིང་། དུས་མཉམ་ལས་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་གསུམ་འཕར་ལ། རྒྱལ་ཁབ་དང་ས་ཁུལ་བཅོ་བརྒྱད་དུ་ཕྱིར་འཚོང་བྱས།
ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ཞིང་འཕེལ་རྒྱས་སྤུས་ནུས་སྔར་ལས་ཇེ་མཐོར་བཏང་སྟེ། མཚོ་སྔོན་གྱི་རིམ་འདས་རྐང་གྲུག་མཉམ་འབྲེལ་འགྲན་སྡུར་དང་། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སོགས་སྟེགས་བུར་གཞི་བཅོལ་ནས། འགྲན་སྡུར་དང་ཐད་གཏོང་། འགྲེམ་ཚོགས་དང་ཐད་གཏོང་རྣམ་པའི་བྱ་འགུལ་སྤེལ་ལ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྐབས་སུ་ཕྱིར་འཚོང་མ་དངུལ་སྒོར་འབུམ་དགུ་ཁྲི་བདུན་ལ་སླེབས་པ་དང་། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། ལས་རྣམ་མང་པོའི་འཛད་སྤྱོད་བྱེད་ཡུལ་གྱི་ལག་བསྟར་ཇུས་གཞི་གཏན་འབེབས་འགྲེམས་སྤེལ་བྱས་ཏེ། མཚོ་ནུབ་ནང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་སྲང་ལམ་སོགས་མཚོན་བྱེད་རང་བཞིན་གྱི་ཚོང་ཚོགས་དང་ཞིང་ཆེན་རིམ་པའི་ཁྱད་ལྡན་བགྲོད་ལམ་གསུམ་ལས་གྲུབ་པ་དང་། རྒན་པའི་ཡུལ་སྐོར་དང་འཛད་སྤྱོད་རྣམ་པ་གསར་གཏོད་བྱས་ཏེ། ཁྱད་ལྡན་ཡུལ་སྐོར་ཆེད་བཏང་མེ་འཁོར་བཏང་བ་དང་། འཛད་སྤྱོད་ཀྱི་ལས་རྣམ་གསར་པར་བརྟེན་ནས་གྲོང་གསེབ་འཛད་སྤྱོད་འཕར་སྣོན་ཡོང་བར་རོགས་ཤུགས་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།