
ཟླ11པའི་ཚེས21ཉིན། 2025ལོའི་ཀྲི་ཅང་ཞིང་ལས་འགྲེམས་ཚོགས་ཧྭང་ཀྲུའུ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་ཚོགས་འགོ་བརྩམས། ཐེངས་འདིའི་འགྲེམས་ཚོགས་ཀྱི་ཁྱད་ཆོས་གཙོ་བོ་སྟེ། མཚོ་སྔོན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱང་དུས་མཉམ་དུ་འགོ་བརྩམས་པ་རེད། ཀྲི་ཅང་ཞིང་ཆེན་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུའུ་དང་མཉམ་འབྲེལ་སྒོས་བསྐྲུན་པའི་མཚོ་སྔོན་མཚོ་ནུབ་ཁུལ་ཁྱད་ལྡན་འགྲེམས་སྟོན་ཁང་གིས་ཉིན་དེར་སྒོ་ཕྱེས་པ་དང་། “ངོ་མཚར་བའི་ཚྭ་འདམ་གཞུང”ཞེས་པའི་ཟོང་རྟགས་དེ་མཐོང་ཚོར་མ་ལག་གི་སྲོག་ཤིང་བྱས་ཏེ། “དག་གཙང་ནམ་མཁའ། དག་གཙང་གི་ཆུ་བོ། དག་གཙང་གི་ས་གཞི”བཅས་བརྗོད་གཞི་བྱས་པའི་ཇུས་འགོད་ལས། མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ལེགས་ཆ་གསོན་ཉམས་ལྡན་པའི་ངང་འགྲེམ་སྟོན་བྱས་ཡོད། འགྲེམས་སྟོན་ཁང་ནང་དུ“ངོ་མཚར་བའི་ཚྭ་འདམ་གཞུང”གི་སྤུས་ལེགས་ཁེ་ལས་བཅོ་ལྔ་ཡི། འཕང་འབྲས་དང་རྒྱ་གྲོ། ནོར་ཤ་དང་ལུག་ཤ་སོགས་ཁྱད་ལྡན་ཐོན་རྫས200ལྷག་ཕྱོགས་བསྡུས་བྱས་ཡོད་པས། འགྲེམས་སྟོན་ལ་ལྟ་མཁན་མང་བོའི་མཚོ་སྔོན་སྤུས་ལེགས་ཐོན་རྫས་ལ་ལྟ་འདོད་ཀྱི་རེ་འདོད་བསྐང་།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ11པའི་ཚེས23ཉིན། མཚོ་སྔོན་ཆེད་དོན་ཚོགས་རར་བྱ་འགུལ་གཙོ་བོ་གཉིས་ཡོད་ལ། ཆུ་ཚོད10:00ནས་ཆུ་ཚོད11:30བར་དུ། མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འོས་སྦྱོར་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཡུལ་དངོས་སུ《“ངོ་མཚར་བའི་ཚྭ་འདམ་གཞུང”ཁྱབ་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་དྲིལ་བསྒྲགས་མརྙན་ཐུང》གཏོང་རྒྱུ་རེད། དེ་དང་མཉམ་དུ་མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན་དང་མཉམ་འགུལ་ཉམས་ལེན་འོས་སྦྱོར། མཚོ་ནུབ་ཁུལ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་། རྣམ་གྲངས་ཀྱི་གན་རྒྱ་འཇོག་པ། “ངོ་མཚར་བའི་ཚྭ་འདམ་གཞུང”ཁྱབ་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ཀྱི་སྒྲིག་གཞི་སྤྱི་བསྒྲགས་སོགས་གོ་རིམ་བཞིན་སྤེལ་རྒྱུ་རེད། ཆུ་ཚོད11:30ནས་ཆུ་ཚོད13:30བར་དུ། ཧྭང་ཀྲུའུ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་སུམ་ཐོག་ནས“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”དང་ཧྭང་ཀྲུའུ“ཟོང་རྟགས་དང་གལ་རྒྱ་འཇོག་པའི”བྱ་འགུལ་མགོ་བརྩམས་ཏེ། འགྲེམས་སྟོན་ལ་ལྟ་མཁན་རྣམས་ལ་སིམ་རྣམ་གྱི་སྒོ་ནས་མཚོ་སྔོན་གྱི་སྲོལ་རྒྱུན་དང་རིག་གནས་ཀྱི་མཛེས་པ་ལ་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད།
ཐེངས་འདིའི་ཆེད་དོན་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་དང་། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཀྲི་ཅང་ཞིང་ཆེན་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་ནུབ་ཁུལ་ཞིང་ཕྱུགས་ཅུའུ། མཚོ་ནུབ་ཁུལ་ཚོང་དོན་ཅུའུ་གཉིས་ཀྱིས་འགན་སྒྲུབ་བྱས་པ་ཡིན། འོས་སྦྱོར་ཐོན་རྫས་ལ་སན་ཝུན་ཉ་དང་། སྐམ་ཤ། མཚོ་སྔོན་གྱི་ཚྭ། ཤ་མོ་སེར་པོ། འཕང་འབྲས། སྟ་རུ། རྒྱ་གྲོ། ནས་ཀྱི་ཐོན་རྫས་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་འདུས་ཡོད་ལ། “མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”དུ་མཱ་ཀྲོང་ཟ་ཁང་དང་། མཚོ་སྔོན་ཡོན་ཡེ་ཟས་རིགས་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ཀྱི་འཐུས་ཚབ་གཅིག་བསྡུས་བྱས་ཡོད། བྱ་འགུལ་གྱི་ཡུལ་དངོས་སུ་རྒྱལ་སྤྱིའི་ཚལ་སྣ་དང་སྲོལ་རྒྱུན་ཟས་རིགས། བོད་ཟས། ཟ་ལར་རིགས་ཀྱི་བཟའ་བཏུང་སོགས་སྣ་མང་ཟས་རིགས་ཡོད་པར་མ་ཟད། ཐང་ཀའི་འགྲེམས་སྟོན་སོགས་རིག་གནས་ཀྱི་གྲུབ་ཆ་ཡང་འདུས་ཡོད། ཁྱིམ་ཚང་གསོལ་སྟོན་གྱི་རྣམ་པ་ལ་བརྟེན་ནས་འགྲེམས་སྟོན་ལ་ལྟ་མཁན་རྣམས་ཀྱིས་སྐྱེ་ཁམས་ཀྱི་མཛེས་པ་རོལ་མྱོང་བྱེད་པ་དང་ཆབས་ཅིག མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ས་ཁུལ་རིག་གནས་ཀྱི་མཛེས་པ་ལ་གཏིང་ཟབ་ངང་རོལ་མྱོང་བྱེད་དུ་བཅུག་ཡོད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།