
ཉེ་ལམ། རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་མཚོ་སྔོན་འཕྲུལ་སྒུལ་རུ་ཁག་གིས་འཕྲིན་གཏོང་ཆེད་ལས་ཀྱི་རྐང་འཛིན་སྟོབས་ཤུགས་རྩ་འཛུགས་བྱས་ཏེ། མི་མེད་གནམ་གྲུ་དང་སྐུད་མེད་གློག་ལམ། གཞི་གྲངས་བརྡ་གཏོང་ཁ་པར་སོགས་འགག་རྩའི་ཆ་འཕྲིན་སྒྲིག་བཀོད་གཙོ་བོར་བྱས་པའི་ཆེད་དམིགས་སྦྱོང་བརྡར་དྲག་པོ་སྤེལ། ཐེངས་འདིའི་སྦྱོང་བརྡར་གྱིས་དངོས་འཐབ་དགོས་མཁོར་གཞིགས་པ་དང་། དེའི་དམིགས་ཡུལ་ནི་རྨང་གཞི་སྲ་བརྟན་དང་ཞན་ཆར་ཁ་གསབ་བྱེད་པ་དང་། གནོད་འཚེའི་དོན་རྐྱེན་སྣ་ཚོགས་འབྱུང་སྐབས། དུས་ལྟར་གཏན་འཇགས་བློས་ཐུབ་ཀྱི་འཕྲིན་གཏོང་འབྲེལ་ལམ་འཛུགས་པ་དང་། དུས་ལྟར་ཡུལ་དངོས་ལྟ་ཞིབ་དང་ཆ་འཕྲིན་བརྒྱུད་གཏོང་། བཀོད་འདོམས་བཀོད་གཏོང་བཅས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས་ཏེ། ཚན་རིག་དང་མཐུན་ཞིང་ནུས་མཐོ་སྒོས་རོགས་སྐྱོབ་བྱེད་པར་ཆ་འཕྲིན་གྱི་འདེགས་སྐྱོར་ཆེན་པོ་འདོན་སྤྲོད་བྱ་ཆེད་རེད།
རུ་ཁག་དེའི་བཀོད་འདོམས་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་ལས་བྱེད་མི་སྣ་ལིའུ་ཧྥ་དབྱིན་གྱིས་ངོ་སྤྲོད་བྱེད་རྒྱུར། འཕྲིན་གཏོང་བཀག་མེད་ཡོང་བ་ནི་རོགས་སྐྱོབ་འགུལ་སྐྱོད་ཀྱི་སྲོག་རྩ་ལྟ་བུ་ཡིན། འགག་རྩའི་དུས་སྐབས་སུ་འབྲེལ་གཏུག་བྱེད་ཐུབ་པ་དང་ཆ་འཕྲིན་གོ་ཐུབ་པར་བྱས་ཚེ། དུས་དང་བསྟུན་ནས་བཀོད་འདོམས་ཇུས་ཆོད་བྱེད་ཐུབ་ལ། རོགས་སྐྱོབ་འགུལ་སྐྱོད་དེ་གནད་འཁེལ་ནུས་མཐོ་ཡིན་སྲིད། ཐེངས་འདིའི་ཆེད་དམིགས་སྦྱོང་བརྡར་གྱིས་བྱ་བ་ཇི་ལྟར་བསྒྲུབ་དགོས་ན། དམག་དཔུང་དེ་ལྟར་སྦྱོང་བརྡར་བྱེད་པའི་རྩ་དོན་ལ་དམིགས་ནས། གནོད་སྐྱོན་ཐེབས་ཡུལ་ལད་ཟློས་ཀྱི་ཚོད་ལྟའི་ལག་ལེན་གྱི་བྱ་བ་མང་པོ་བཀོད་སྒྲིག་བྱས་ཤིང་། ས་ཡོམ་བྱུང་སྐབས་སྤྱིའི་དྲ་རྒྱ་ཁེགས་པར་གྱུར་བ་དང་། གཞི་ཁྱོན་ཆེ་བའི་ཞོད་སྐྱོན་གནོད་འཚེའི་ཡུལ་དངོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་ཀྱི་ཛ་དྲག་གནས་ཚུལ་ལད་ཟློས་བྱས་ཏེ། འཕྲིན་གཏོང་མི་སྣར་རྙོག་འཛིང་གནས་ཚུལ་འོག་ཐག་གཅོད་ཇུས་གཞི་འཚོལ་དུ་བཅུག་པ་དང་། འཕྲལ་བསྟུན་ཐག་གཅོད་ནུས་པ་སྦྱོང་བརྡར་དང་སྒྲིག་ཆས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་བཏང་།
རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུའུ་མཚོ་སྔོན་འཕྲུལ་སྒུལ་རུ་ཁག་གི་འབྲེལ་ཡོད་འགོ་ཁྲིད་པས་བསྟན་དོན། གོ་རིམ་རྗེས་མར། ཐེངས་འདིའི་སྦྱོང་བརྡར་མཇུག་འབྲས་སྤྱི་སྡོམ་བྱེད་པ་དང་། འཕྲལ་བསྟུན་འཕྲིན་གཏོང་འགན་སྲུང་སྔོན་ཇུས་འཐུས་ཚང་དུ་གཏོང་བ། འཕྲིན་གཏོང་སྟོབས་ཤུགས་ཆགས་པར་བྱས་ནས། ལས་འགན་བཀོད་སྒྲིག་བྱས་ཚེ། འཕྲིན་གཏོང་འགན་སྲུང་རུ་ཁག་གིས་འབྲེལ་གཏུག་བྱེད་ཐུབ་ལ། འཕྲིན་གཏོང་གནས་ཚུལ་རྟོགས་པ། གནས་ཚུལ་བརྒྱུད་སྤྲོད་ཐུབ་པ་བཅས་ལ་ཁག་ཐེག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་སྔར་ལས་སྲ་བརྟན་དང་ཚོར་སྐྱེན། ནུས་མཐོ་བཅས་ཀྱི་བཀོད་འདོམས་འཕྲིན་གཏོང་འབྲེལ་ལམ་བསྐྲུན་རྒྱུ་ཡིན།
ལྷ་མོ་འཚོས་བསྒྱུར།