
ཐེངས་སོ་གཅིག་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་བརྗེ་རེས་ཚོགས་འདུ་དང་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་སྡུར་ཚོགས་འདུ་ཟླ་འདིའི་ཚེས19ཉིན་ཁྲིན་ཏུའུ་སྤོས་ལྡན་གྲོང་ཁྱེར་དུ་གཟབ་རྒྱས་ངང་བསྡུས་ཤིང་། ལྗོངས་ཞིང་ལྔ་ནས་ཕེབས་པའི་སྨྱན་བྱད་ལས་ཁུངས་སུམ་ཅུ་ལྷག་ཚོགས་འདུར་ཞུགས།
ཚོགས་འདུ་འདིའི་དགོངས་དོན་གཙོ་བོ་ནི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་གསར་བརྩམས་ལེ་ཚན་དག་གི་གཡུར་ཟའི་འབྲས་བུ་འགྲེམ་སྟོན་བྱས་ནས། རྒྱལ་ཡོངས་བོད་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་སོ་སོའི་ལེ་ཚན་སྒྲིག་བཟོ་དང་། ལེགས་བཅོས། འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་བསམ་བློ་བརྗེ་རེས་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ལྗོངས་ཞིང་ལྔའི་བོད་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱི་རྒྱུ་སྤུས་གོང་འཕེལ་དུ་གཏོང་རྒྱུ་དང་། འདས་པའི་ལོ་ངོ་གཅིག་ལྷག་རིང་གི་བོད་ཁུལ་གྱི་རྒྱང་སྒྲོག་དང་། བརྙན་འཕྲིན། དྲ་བ་སོགས་ཀྱི་འཕེལ་རྒྱས་ལ་སྤྱི་སྡོམ་དང་སྐུལ་འདེད་བྱས་ནས། བོད་ཁུལ་གྱི་རྒྱང་སྒྲོག་བརྙན་འཕྲིན་དྲ་བའི་ལས་རིགས་སྔར་ལས་ལྷག་པའི་སྒོ་ནས་ཡར་རྒྱས་གོང་སྤེལ་དུ་གཏོང་རྒྱུ་དེའོ། །