མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོབ་ལས་གཞི་རེ་གཉིས་ལ་རོགས་སྐྱོར་མ་དངུལ་ཐོབ།
2016.11.22 ཁུངས། ཀློག་གྲངས། 4

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་བཟོ་སྐྲུན་ལས་གཞི་སྐུལ་སྤེལ་ཚོགས་འདུ་ཧོང་ཀྲུང་རྫོང་ནས་ཚོགས། གསར་འགོད་པས་ཚོགས་འདུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་གཙོ་བོའི་ཆེད་སྤྱོད་ཁ་གསབ་རོགས་དངུལ་དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཁ་གསབ་རོགས་དངུལ་དོན་ཐོག་ཏུ་འཁྱོལ་ཡོད་པས། ཞིང་ཆེན་ཡོངས་ཀྱི་རིག་དངོས་གཙོ་བོའི་སྲུང་སྐྱོབ་ལ་མ་དངུལ་གྱི་རྒྱབ་སྐྱོབ་ཐོབ།

2016ལོར། རྒྱལ་ཁབ་ནོར་སྲིད་པུའུ་ཡིས་མཚོ་སྔོན་ཞིང་ཆེན་ལ་རིག་དངོས་སྲུང་སྐྱོབ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བརྒྱད་བྱིན་ནས། རིགས་བརྒྱད་ཀྱི་ལས་གཞིའི་རྣམ་གྲངས་རེ་གཉིས་ལ་མ་དངུལ་བཀོད་སྒྲིག་བྱས་ཡོད། དེའི་ནང་རིག་དངོས་ཉམས་གསོ་ལས་གཞི་དང་གསུམ་འགོག་ལས་གཞི། སྤོ་སྒུལ་བྱས་ཆོག་པའི་རིག་དངོས་ཞིག་གསོ་ལས་གཞི། སྲུང་སྐྱོབ་འཆར་གཞིའི་ལས་གཞི། འགྲེམ་སྟོན་བེད་སྤྱོད་ལས་གཞི། ཁོར་ཡུག་བཅོས་སྐྱོང་ལས་གཞི། རང་འགུལ་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་ལས་གཞི། ཉམས་གསོ་བཟོ་སྐྲུན་སྙན་ཞུ་པར་སྐྲུན་ལས་གཞི་བཅས་འདུ། དེ་ལས་གཞན། བླ་ཅའི་རྗེས་ཤུལ་སྲུང་སྐྱོབ་དང་འགྲེམ་སྟོན་བཟོ་སྐྲུན། བླ་ཅའི་ཁོར་ཡུག་བཅོས་སྐྱོང་། ད་འདུག་དགོན་པ་ཉམས་གསོ། བིས་མདོ་དགོན་པ་ཉམས་གསོ་སོགས་སྲུང་སྐྱོབ་བཟོ་སྐྲུན་ལས་གཞི་བཞི་བཅུ་ལ། ལས་གཞི་སྤེལ་བ་དང་བསྟུན་ནས་དུས་སྐབས་གཉིས་པའི་མ་དངུལ་རེ་ཞུ་བྱེད་དགོས།

ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་རིག་གནས་་དང་། རིག་དངོས་སྲིད་འཛིན་སྡེ་ཁག་གིས་རིག་དངོས་སྲུང་སྐྱོབ་བཟོ་སྐྲུན་ལས་གཞིའི་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱས་ནས་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་རིག་དངོས་སྲུང་སྐྱོབ་ཆེད་སྤྱོད་ཁ་གསབ་རོགས་དངུལ་ལོ་རེར་སྒོར་དུང་ཕྱུར་གཉིས་ལ་སླེབས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བཟོ་སྐྲུན་ལས་གཞིའི་བྱ་བ་ཡང་གོང་དུ་འཕེལ་ཡོད།