ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་དམངས་ཚིས་ཐད་ནུས་ཤུགས་གང་ཡོད་བཏོན་ནས་དམངས་ཚིས་དངུལ་གཏོང་བརྟན་འཇགས་འཕར་སྣོན་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། དམངས་ཚིས་དངུལ་གཏོང་ཐབས་ལམ་གསར་སྐྲུན་བྱས་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་བཟང་བས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་ཕན་ཁེ་བསྐྲུན། དུས་ཚིགས་སྔོན་མ་གསུམ་གྱི་ནང་མཚོ་སྔོན་ཞིང་ཆེན་གྱིས་དམངས་ཚིས་ཐད་བཏང་བའི་མ་དངུལ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་བརྒྱད་དུང་ཕྱུར་བདུན་ལ་སླེབས་ཡོད་ཅིང་། དེས་ནོར་སྲིད་འགྲོ་སྒོའི་བརྒྱ་ཆའི་དོན་དྲུག་དང་གྲངས་ཆུང་བརྒྱད་ཟིན་ལ། དམངས་ཚིས་དམིགས་ཚད་ཁ་ཤས་ནུབ་རྒྱུད་ཀྱི་སྔོན་གྲས་སུ་སླེབས་ཡོད།
ནོར་སྲིད་མ་དངུལ་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་ཆེད་མཚོ་སྔོན་ཞིང་ཆེན་གྱིས་འོག་རིམ་དུ་སྤོ་སྒྱུར་དངུལ་གཏོང་ནུས་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་བ་མ་ཟད། ཀྲུང་དབྱང་ནོར་སྲིད་ཀྱི་སྤོ་སྒྱུར་དངུལ་གཏོང་འཕར་ཚད་ཀྱི་བརྒྱ་ཆའི་བདུན་ཅུ་གཞི་རིམ་ལ་བཀོལ། སྔོན་དཔག་བྱས་ན་ད་ལོའི་ལོ་སྨད་བར་དུ་ཞིང་ཆེན་གྱིས་འོག་རིམ་གྱི་རིགས་སོ་སོའི་སྤོ་སྒྱུར་དངུལ་གཏོང་སྡོམ་པས་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་བརྒྱད་ཡས་མས་ལ་སླེབས་རྒྱུ་ཡིན་ལ། དེས་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་བརྒྱ་ཆའི་དོན་དྲུག་དང་གྲངས་ཆུང་བདུན་ཟིན་པ་དང་། ལོ་ལྔའི་སྔོན་དང་བསྡུར་ན་སྒོར་ཐེར་ཆེན་བཞི་དང་དུང་ཕྱུར་གཅིག་འཕར་ཡོད་པ་དང་། ལོ་རེར་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་ལྔ་འཕར་ཡོད། སྡོམ་པས་རིགས་སོ་སོའི་ནོར་སྲིད་མ་དངུལ་སྒོར་ཐེར་ཆེན་དྲུག་དང་དུང་ཕྱུར་དགུ་བྱེ་བ་གཅིག་བཀོད་སྒྲིག་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱབ་སྐྱོར་བྱས་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་དབུལ་སྐྱོར་མ་དངུལ་འཕར་ཚད་བརྒྱ་ཆའི་རེ་བདུན་དང་གྲངས་ཆུང་གསུམ་ལ་སླེབས། རྫོང་སུམ་ཅུ་ནས་ནོར་སྲིད་ཞིང་འབྲེལ་མ་དངུལ་གཅིག་གྱུར་ཕྱོགས་བསྡུས་ཀྱིས་བཀོལ་བའི་ཚོད་ལྟའི་བྱ་བ་སྤེལ་བ་དང་། ནོར་སྲིད་ཞིང་འབྲེལ་མ་དངུལ་གཅིག་གྱུར་ཕྱོགས་བསྡུས་བྱེད་ཚད་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་དགུ་བྱེ་བ་ལྔ་ལ་སླེབས་ཡོད་པས། ནོར་སྲིད་ཞིང་འབྲེལ་མ་དངུལ་བཀོལ་སྤྱོད་བྱེད་པའི“ཐར་ཐོར་ཅན”གྱི་གནད་དོན་ཐག་གཅོད་བྱས།
དེ་དང་མཉམ་དུ། ནོར་སྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས་མུ་མཐུད་དུ་དམངས་ཚིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན། མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་བཞི་བྱེ་བ་ལྔ་གྲབས་གསོག་བྱས་ནས་ཤུགས་ཆེན་པོས་མཐོ་སྒང་གི་མཛེས་པའི་ཞང་སྡེ་དང་གྲོང་རྡལ། ས་མཐའི་དཀའ་ཁག་ཆེ་བའི་སློབ་གྲྭའི་དགེ་རྒན་གྱི་མལ་ཁང་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བཀོད་སྒྲིག་བྱས་ནས་བོད་ཁུལ་གྱི་ཁུལ་དྲུག་གི་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ལས་གཞིའི་ས་གནས་ཀྱི་མ་དངུལ་ཆ་ཚང་མེད་པར་བཏང་། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་བཀོད་སྒྲིག་བྱས་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སློབ་མ་རེར་ཆ་སྙོམས་སྒོར་འབུམ་གཅིག་དང་ཁྲི་གཉིས་ཀྱི་ཁ་གསབ་རོགས་དངུལ་སྟེར་བའི་ཚད་གཞི་དེར་ལོ་གཅིག་གི་སྔོན་ལ་སླེབས་སུ་བཅུག མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་བཏང་ནས་རིག་གནས་དམངས་ཕན་བཟོ་སྐྲུན་རབ་དང་རིམ་པར་རྒྱབ་སྐྱོར་བྱས།