མགོ་ལོག་ཁུལ་རྨ་ཆེན་རྫོང་གིས་གནོད་འགོག་ཕྱུགས་སྲུང་བྱ་བ་ཤུགས་ཆེན་པོས་སྤེལ།
2016.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཅུ་གཅིག་པའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བསྟུད་མར་ཁངས་འབྲིང་ཙམ་ནས་ཁངས་ཆེན་བབས་པ་དང་རི་ཁུལ་ཁ་ཤས་སུ་ཁངས་ཆག་ལྷུང་ནས་ཕྱུགས་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཐེབས། དེ་བས། མགོ་ལོག་ཁུལ་རྨ་ཆེན་རྫོང་གིས་བྱེད་ཐབས་ལག་བསྟར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་གནོད་འགོག་ཕྱུགས་སྲུང་བྱ་བའི་ཁྲོད་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། གངས་སྐྱོན་གྱི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཆེད། རྨ་ཆེན་རྫོང་གིས་ཧུར་ཐག་གིས་བབ་བསྟུན་བྱེད་ཐབས་གཏན་ཁེལ་བྱས་པ་དང་གནོད་འགོག་གནོད་སྐྱོབ་བྱ་བའི་ཁྲོད་རྫོང་གི་མགོ་ཁྲིད་པས་ཞང་ལ་འགན་འཁུར་བ་དང་ཞང་གི་མགོ་ཁྲིད་པས་སྡེ་བར་འགན་འཁུར་བ། སྡེ་བའི་ལས་བྱེད་པས་ཁྱིམ་ཚང་ལ་འགན་འཁུར་བ། ཁ་གཏད་རོགས་སྐྱོར་བྱེད་པའི་རིམ་པ་སྟར་ཆགས་ཀྱི་འགན་གཙང་ལེན་ལས་འགན་ལམ་ལུགས་ལག་བསྟར་བྱས་ནས་དོན་དངོས་དང་མཐུན་པའི་སྒོ་ནས་གནོད་འགོག་བྱ་བ་སྣ་ཚོགས་དོན་འཁྱོལ་བྱས།

ཁ་བས་གཡོགས་ཏེ་བགྲོད་དཀའ་བའི་ལམ་དུ་རྫོང་ཕྱུགས་ལས་ཅུའུ་ཡིས་དབོར་འདྲེན་འཁོར་ལོ་བཀོལ་ནས་ཁ་བ་གཙང་ཕྱགས་བྱས་ཏེ་བགྲོད་ལམ་ཤར་སྐྱོད་བྱེད་དུ་བཅུག་པ་དང་དུས་ཐོག་ཏུ་མང་ཚོགས་རྩ་འཛུགས་བྱས་ཏེ་གནོད་འགོག་རང་སྐྱོབ་དང་ཕྱུགས་ར་ཞིག་གསོ་བྱས་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་བསྐྱར་གསོ་བྱས། དེ་དང་མཉམ་དུ། རྫོང་ཕྱུགས་ལས་ཅུའུ་ཡིས་ཆེད་བསྐོས་མི་སྣ་མངག་གཏོང་བྱས་ནས་གནོད་པ་ཐེབས་པའི་གནས་ཚུལ་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱ་བའི་འགན་འཁུར་དུ་བཅུག་པ་དང་དུས་ཐོག་ཏུ་གནོད་སྐྱོན་གནས་ཚུལ་གྱི་གཞི་གྲངས་ཡང་དག་པའི་སྒོ་ནས་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱེད་དུ་བཅུག གཟབ་ནན་གྱིས་ཕྱུགས་ཟོག་གི་གཟན་རྩྭའི་དོ་དམ་བཟང་བོར་སྒྲུབ་པ་དང་ཕྱུགས་ལས་ཐོན་སྐྱེད་བརྟན་འཇགས་སུ་བཏང་།

དེ་དང་མཉམ་དུ། རྨ་ཆེན་རྫོང་གིས་གཟན་རྩྭའི་གསོག་འཇོག་ཤུགས་ཚད་ཇེ་ཆེར་བཏང་བ་དང་། མ་དངུལ་སྒོར་འབུམ་བདུན་དང་ཁྲི་བརྒྱད་བཏང་ནས་དགུན་ཁའི་གནོད་འགོག་དངོས་རྫས་དང་གཟན་ཆག་ཁ་གསབ་ཐད་བཀོལ་བ་དང་རྫོང་ཡོངས་ཀྱིས་གཟན་ཆག་ཏུན་དྲུག་བརྒྱ་དང་གཟན་རྩྭ་ཏུན་བཞི་བརྒྱ་གཏོང་འདྲེན་བྱས་ཏེ་ཕྱུགས་ཟོག་གི་དགུན་དུས་སྐྱེལ་བའི་གཟན་རྩྭའི་དགོས་མཁོར་འགན་སྲུང་བྱས།

རྨ་ཆེན་རྫོང་ཕྱུགས་ལས་ཅུའུ་ཡི་འགན་ཁུར་མི་སྣས་བཤད་རྒྱུར། ང་ཚོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞང་གྲོང་གི་ཕྱུགས་ནད་ཚན་རྩལ་མི་སྣ་དང་སྡེ་བ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་པ་སྐུལ་སློང་བྱས་ནས་ཁྱིམ་ཚང་དུ་ཟབ་ཞུགས་བྱེད་དུ་བཅུག་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་འདེབས་འཛུགས་རྟེན་གཞིའི་དུག་སེལ་དང་གལ་ཆེའི་སྲོག་ཆགས་འགོས་ནད་ཀྱི་སྔོན་འགོག་བྱ་བ་བཟང་བོར་སྒྲུབ་བཞིན་ཡོད་ལ། རྫོང་རིམ་པའི་ཕྱུགས་སྨན་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱ་བ་དང་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ནས་སྲོག་ཆགས་ཀྱི་འགོས་ནད་སྔོན་འགོག་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་ཟེར།