མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་ཞིང་ཆེན་ཁོངས་གཏོགས་ལས་ཁུངས་དང་ཁུལ། གྲོང་ཁྱེར། རྫོང་བཅས་སུ་སོང་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2016.11.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་སོ་སོར་མཚོ་སྔོན་ཞིང་ཆེན་དམངས་འཐགུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་དབུལ་སྐྱོར་ཅུའུ། ན་གོར་མོ་གྲོང་ཁྱེར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ། ཁྲི་འདུ་རྫོང་། པད་མ་རྫོང་བཅས་སུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་སྙན་ཞུ་གྲོས་ཚོགས་བསྡུས། ཁུལ་དང་གྲོང་ཁྱེར། རྫོང་བཅས་ཀྱི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་པ། ལས་ཁུངས་ཀྱི་ལས་བྱེད་པ་བཅས་བསྡོམས་པས་མི་སྟོང་གཉིས་དང་ལྔ་བརྒྱ་ལྷག་གིས་སྙན་ཞུ་ལ་ཉན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས་སོ་སོར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་འཁྲི་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བརྗོད་དོན་འབུར་ཐོན་བྱེད་པ་སོགས་ཕྱོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་འགྲེལ་བཤད་གསལ་བོ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཀྱི་ཉམས་མྱོང་གསར་བ་དང་གྲུབ་འབྲས་གསར་བར་སྤྱི་སྡོམ་བྱས་ལ། ཚད་གཞི་དང་སྲོལ་ཡིག་འགྲེལ་ཀློག་གཏིང་ཟབ་བྱས། སྙན་ཞུའི་ཐད་ནས་གཞུང་ལུགས་དང་དཔེ་བརྗོད་དངོས་ཟུང་འབྲེལ་བྱས་པ་མ་ཟད། ནང་དོན་ཕུན་སུམ་ཚོགས་ཤིང་ཁ་གཏད་རང་བཞིན་དང་འགུག་ཤུགས་ཆེན་པོ་ལྡན། སྙན་ཞུ་གྲོས་ཚོགས་གྲོལ་རྗེས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས་ད་དུང་ལས་བྱེད་པ་དང་ཏང་ཡོན། གཞི་རིམ་གྱི་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་པ་དང་དྲི་བར་ལན་བཏབས།

སྒྲོག་འགྲེལ་སྙན་ཞུ་ལ་དགའ་བསུ་ཆེན་པོ་ཐོབ་པ་དང་། ཚང་མས་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་ནས། སྒྲོག་འགྲེལ་སྙན་ཞུ་ཡི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། མུ་མཐུད་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུའི་ཚུལ་བསྟན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སུང་ཡོང་གིས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་གཉིས་བྱེད་གཅིག་སློབ་སྦྱོང་སློབ་གསོ་དང་ནན་ནན་ཏིག་ཏིག་བཞིའི་རེ་བ་ཆེན་པོ་བཞི་ཕན་ཚུན་ཟུང་སྦྲེལ་བྱེད་པ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་། ཁྲིམས་འཛིན། རྒྱལ་ཁབ་བདེ་འཇགས་སོགས་སྡེ་ཁག་ལ་མཐུན་སྦྱོར་བྱེད་པའི་འགན་ནུས་འདོན་སྤེལ་བྱས་ཏེ། དྲང་གཞག་སྒོས་ཁྲིམས་འཛིན་བྱེད་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་དང་རྒྱལ་ཁབ་ཀྱི་ཡུན་སྐྱོང་བདེ་འགོད་ལ་སྲུང་སྐྱོབ་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན།

ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་འཆར་འགོད་ནོར་སྲིད་ཁྲུའུ་ཡི་ལས་བྱེད་པ་ཆི་ཧེ་པིན་གྱིས་བཤད་རྒྱུར། དབུལ་སྐྱོར་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། ནན་ནན་ཏིག་ཏིག་བཞིའི་རེ་བ་སེམས་སུ་དམ་པོར་འཛིན་པ། སྔར་ལས་རང་རྟོགས་དང་ཧུར་ཐག་གིས་དབུལ་སྐྱོར་མ་དངུལ་དང་དབུལ་སྐྱོར་ལས་གཞིའི་འཆར་འགོད་བྱ་བ་བཟང་བོ་བསྒྲུབ་ནས། དུས་བཀག་ལྟར་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱེད་ཆེད་སེམས་ཤུགས་ཡོད་རྒུ་འདོན་རྒྱུའི་ཚུལ་བསྟན།

ཡུས་ཧྲུའུ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པསོད་རྡོ་ཡིས། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་རང་འགན་བྱ་བ་བཟང་བོ་བསྒྲུབ་པ། ཁྱོན་ཡོངས་ནས་ཏང་ལ་བཅོས་སྐྱོང་ནན་མོ་བྱེད་པའི་ལས་འགན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བཟང་བོ་བྱེད་རྒྱུའི་ཚུལ་བསྟན།

པད་མ་རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཚའོ་ཅོན་ཧྲན་གྱིས་བཤད་རྒྱུར། ང་ཚོས་ཐེངས་འདིའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་གོ་སྐབས་སུ་བརྩིས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། རང་ཉིད་ལ་རེ་བ་ནན་མོ་བཅངས་པ། སྦྱངས་ཟིན་པའི་ཤེས་བྱ་དང་བསམ་བློ་དེ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་ནས། མདོག་གསུམ་པད་མ་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།