ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་བའི་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་སྲོལ་ཡིག་དེ་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱེད་མགོ་བརྩམས།
མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་སྲོལ་ཡིག་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོག་ཐོག་མ་ཡིན་ལ། སྤྱི་ཚོགས་ཚན་རིག་ཁྱབ་གདལ་ལས་དོན་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བའི་ཁྲིམས་ལུགས་ཀྱི་འགན་སྲུང་ཡང་ཡིན། སྲོལ་ཡིག་དེ་དངོས་སུ་ལག་བསྟར་བྱེད་པ་ལས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་བྱ་བ་ཁྲིམས་ལུགས་ཅན་གྱི་བགྲོད་ལམ་དུ་ཞུགས་པར་མཚོན་ཡོད།
མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཁྱབ་གདལ་སྲོལ་ཡིག་ལ་བསྡོམས་པས་ལེའུ་དྲུག་དང་དོན་ཚན་སོ་དྲུག་ཡོད། དེའི་ནང་སྤྱི་ཚོགས་ཚན་རིག་ཁྱབ་གདལ་གྱི་དམིགས་འབེན་དང་རྩ་དོན། སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་པ་དང་། ནང་དོན་དང་བྱེད་ཐབས་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། འགན་སྲུང་དང་ཡར་སྐུལ་བྱེད་ཐབས་ལ་ཤུགས་སྣོན་པ། ཁྲིམས་ལུགས་ཀྱི་འགན་འཁྲི་དང་ཆད་གཅོད་བྱེད་ཐབས་གཏན་ལ་ཕབ།
མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཚན་རིག་ཁྱབ་གདལ་སྲོལ་ཡིག་གཏན་ལ་ཕབ་པ་ནི་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་གི་ཁྲིམས་འཛུགས་སྟོང་ཆ་སྐོང་བ་དང་། སྤྱི་ཚོགས་ཚན་རིག་ཁྱབ་གདལ་ལས་དོན་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བ། སྤྱི་དམངས་ཀྱི་ཚན་རིག་རིག་གནས་ཀྱི་ཆུ་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དངོས་ཤུགས་ཇེ་ཆེར་གཏོང་བ་བཅས་ཐད་ལ་དོན་སྙིང་གལ་ཆེན་ལྡན།