རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པར་སྤྱིའི་མ་དངུལ་སྒོར་དུང་ཕྱུར་བརྒྱད་བཏང་།
2016.12.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བཅུ་བའི་ཟླ་མཇུག་བར་དུ། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པ་ཡོངས་འགྲུབ་ཐད་སྤྱིའི་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་བཏང་ཟིན་ལ། དེས་ཉིས་སྟོང་བཅུ་དྲུག་ལོའི་དམིགས་འབེན་འགན་ཁུར་གྱི་བརྒྱ་ཆའི་གོ་ལྔ་ཟིན་ཡོད་ཅིང་། ཚོད་དཔག་བྱས་པ་ལྟར་ན་ད་ལོའི་ལོ་མཇུག་བར་དུ་ཁྱོན་ཡོངས་ནས་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པའི་ལས་གཞིའི་མ་དངུལ་ཚང་མ་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཡོད་ཅིང་། དེའི་ཁྲོད་དུ་ཀྲུང་དབྱང་གི་སྔོན་རྩིས་ནང་དུ་ཚུད་པའི་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་བདུན་དངོས་འབེབས་བྱས་ཡོད་ལ། ཞིང་ཆེན་ནོར་སྲིད་ཀྱིས་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་བཏང་ཡོད། ལོ་སྔོན་མར་ཀྲུང་དབྱང་གིས་ཆེད་དམིགས་ལས་གཞིར་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤྲད་པའི་མ་དངུལ་སྒོར་བྱེ་བ་ལྔ་དང་འབུམ་གསུམ་ཁྲི་བརྒྱད་བཏང་བ་དང་། སྔར་ཡོད་ཀྱི་ཐབས་ལམ་བརྟེན་ནས་ཕྱུགས་བསྐྱུར་རྩྭ་འདེབས་ལས་གཞིར་བསྡོམས་རྩིས་བརྒྱབ་ནས་རྩིས་ཁུངས་སྤྲད་པའི་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བརྒྱད་འབུམ་བཞི་བཏང་ལ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་གསུམ་བཏང་། ད་ལོར་དམིགས་འབེན་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་འགན་ལེན་ཁག་ཐེག་བྱས་ཏེ། སྒོར་ཐེར་འབུམ་གཅིག་ཅན་གྱི་ལས་གཞི་དངུལ་གཏོང་དང་དེ་འབྲེལ་གྱི་འཛུགས་སྐྲུན་འགན་ཁུར་ཡོངས་འགྲུབ་ལ་བརྩོན་རྒྱུ་རེད། མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་བཏང་ཟིན་གྱི་ལས་གཞིའི་ཁྲོད་དུ། བྱེ་འགོག་རྩྭ་སྲུང་དང་རི་བཀག་ནགས་སྲུང་། མིས་བཟོས་ནགས་ཚལ། ནགས་འདེབས་རྟེན་གཞི་འཛུགས་སྐྲུན། བརླན་ས་སྲུང་སྐྱོབ། ས་ནག་ཐང་བཅོས་སྐྱོང་། རྩྭ་ཐང་ལ་གནོད་པའི་སྲོག་ཆགས་སྔོན་འགོག སྐྱེ་ཁམས་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ནགས་ཚལ་གནོད་པའི་འབུ་རིགས་སྔོན་འགོག ཞིང་གྲོང་གི་ནུས་ཁུངས་འཛུགས་སྐྲུན་ལས་གཞི་བཅས་ཀྱི་སྐྱེ་ཁམས་བརྟག་དཔྱད་ཚོད་བགམ་དང་། དྲིལ་སྒྲོག་སློབ་གསོ། ཟབ་སྦྱོང་སོགས་ཀྱི་ལས་གཞི་མང་པོ་འདུ།