ཝང་གོ་ཧྲིན་གྱིས་རྩ་ཁྲིམས་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྟེང་དུ་ཁྲིམས་སྐྱོང་གིས་མཚོ་སྔོན་གསར་བ་འཛུགས་སྐྲུན་ཁྲོད་སྣེ་སྟོན་དང་འགན་སྲུང་གི་བྱེད་ནུས་འདོན་དགོས་པའི་བླང་བྱ་བཏོན།
2016.12.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ནི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་གསུམ་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཐུན་མོང་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་ཐད་བླང་བྱ་ནན་མོ་བཏོན། ཁོས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཡུན་རིང་གི་རྨང་གཞི་རང་བཞིན་གྱི་བྱ་བ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་ཐུན་མོང་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་གོ་སྐབས་དམ་འཛིན་བྱེད་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བཏོན་པའི་འགྲེལ་བརྗོད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་སྐྱེ་ལྡན་གཅིག་བསྡུས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལམ་ལུགས་ཀྱི་ལམ་དུ་སྐྱོད་ནས། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་སྐྱོང་གིས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་སྣེ་སྟོན་དང་འགན་སྲུང་གི་བྱེད་ནུས་འདོན་ཐུབ་པར་འབད་འབུངས་བྱ་དགོས་ཟེར།

ཝང་གོ་ཧྲིན་གྱིས་བླང་བྱ་བཏོན་ནས་བཤད་རྒྱུར། རྩ་ཁྲིམས་དྲིལ་སྒྲོག་དང་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། ཁྱབ་ཁོངས་སོ་སོའི་བཅའ་ཁྲིམས་སྒྲིག་སྲོལ་ལ་སློབ་སྦྱོང་དྲིལ་སྒྲོག་བྱེད་པ། རྩ་ཁྲིམས་ཀྱི་དགོངས་དོན་ཤུགས་ཆེན་པོས་དར་སྤེལ་གཏོང་བ་བཅས་ལ་འབད་དེ། ཁ་མིན་དོན་གྱིས་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་གཏོང་དགོས་ཤིང་། ཁྱོན་ཡོངས་ནས་རྩ་ཁྲིམས་ལག་ལེན་མཐར་ཕྱིན་ལ་སྐུལ་འདེད་བྱས་ཏེ། ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་སྲུང་བ་བཅས་ཀྱི་ཁྲིམས་སྐྱོང་མཁའ་དབུགས་ལེགས་པོ་ཞིག་དམངས་ཡོངས་ཀྱི་རྒྱུད་ལ་སིམ་པར་འབད་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དྲིལ་སྒྲོག་བྱ་བ་མཐུན་སྦྱོར་ངང་སྤེལ་དགོས་པ་དང་། སློབ་གསོས་རྒྱ་ཆེ་བའི་ཏང་ཡོན་རྣམས་བཅའ་ཁྲིམས་དང་སྒྲིག་སྲོལ་གྱི་སྔུན་ནས་འགྲེང་བར་སྣེ་འདོན་བྱས་ཏེ། ཏང་གི་སྒྲིག་སྲོལ་དང་ཏང་གི་ཆོས་ཉིད། ཏང་གི་སྒྲིག་ཁྲིམས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཅས་ལ་རང་རྟོགས་ངང་བརྩི་བཀུར་བྱེད་མཁན་ཞིག་དང་དཔེ་སྟོན་སྒོས་བརྩི་སྲུང་བྱེད་མཁན་ཞིག རྦད་ཆོད་ཀྱིས་སྲུང་སྐྱོབ་བྱེད་མཁན་ཞིག་འཁྱོངས་བར་འབད་དེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཕན་པའི་ཁྲིམས་སྐྱོང་མཁའ་དབུགས་ལེགས་པོ་ཞིག་གསོ་ཐུབ་དགོས། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་ཁྱབ་བརྡལ་གཉིས་ཀྱི་ཁྲིམས་འགན་རང་འགན་ལག་བསྟར་ནན་མོ་བྱེད་པ་དང་། དྲིལ་སྒྲོག་བྱེད་ཐབས་གསར་གཏོད་བྱེད་པ། དྲིལ་སྒྲོག་ཤུགས་རྐྱེན་ཇེ་དྲག་ཏུ་གཏོང་བ། དྲིལ་སྒྲོག་ཕན་འབྲས་ཇེ་ལེགས་སུ་གཏོང་བ་བཅས་ལ་འབད་དེ། ཐུན་མོང་དྲིལ་སྒྲོག་བྱ་འགུལ་གྱིས་དུས་བཅད་ལྟར་ཕན་འབྲས་མངོན་དུ་འགྱུར་བར་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པས་གྲོས་ཞིབ་བརྒྱུད་དེ། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ནི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་གཏན་འཁེལ་བྱས། ད་ལོའི་ཐུན་མོང་དྲིལ་སྒྲོག་བྱ་འགུལ་གྱི་འོས་འགན་གཙོ་བོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་བཏོན་པའི་འགྲེལ་བརྗོད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་པ། རྩ་ཁྲིམས་སྲོག་ཤིང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་ལ་སློབ་སྦྱོང་དང་དྲིལ་སྒྲོག་མཐར་ཕྱིན་བྱེད་རྒྱུ་བཅས་ཡིན། དྲིལ་སྒྲོག་བྱ་འགུལ་དེ་ཟླ་བཅུ་གཅིག་པའི་ཟླ་སྨད་ནས་བཟུང་མགོ་བརྩམས་ཏེ་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ་མཇུག་བསྡུ་རྒྱུ་རེད།