ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས། མཚོ་སྔོན་གྱི་འཕེལ་རྒྱས་བཅོས་སྒྱུར་མ་ལག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་སྤྱི་སྡོམ་ནན་མོ་བྱེད་དགོས་པ་དང་། ལས་སྒོ་ཡོད་ཚད་རྒྱལ་ཁའི་ངང་མཇུག་སྒྲིལ་བར་འགན་ལེན་ཁག་ཐེག་བྱེད་དགོས། ཧུར་བརྩོན་ཆེན་པོས་སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕར་སྣོན་གསར་བའི་གནས་གཞིར་འཆར་འགོད་བཟང་བོ་བྱས་ནས། མགོ་ཡག་པོ་ཞིག་རྩོམ་ཐུབ་པར་འབད་འབུངས་ལྷོད་མེད་བྱེད་དགོས་ཟེར།
ཝང་གོ་ཧྲིན་སྔ་གཞུག་ཏུ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲུའུ་དང་། བརྟན་འཇགས་རྒྱུ་ནོར་དངུལ་གཏོང་ཁྲུའུ། རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་ཁྲུའུ། ཆ་འཕྲིན་ལྟེ་གནས་བཅས་སུ་སོང་ནས། དེ་གའི་ལས་བྱེད་པ་དང་ལས་བཟོ་བར་ལག་འཇུ་བྱས་ཏེ་གླེང་མོལ་བྱས་ཏེ། འགན་ནུས་ཁག་དབྱེ་དང་བྱ་བ་སྤེལ་སྟངས། དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
ཝང་གོ་ཧྲིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དང་། སང་ལོའི་ཐོག་མའི་བྱ་བའི་བཀོད་སྒྲིག་ཐད་ཀྱི་སྙན་ཞུ་ཕུལ་བར་ཉན་རྗེས། ཁོས་མཚོ་སྔོན་གྱིས་རྒྱལ་ཡོངས་སུ་ཟིན་པའི་གོ་ས་དང་། ས་ཁོངས་འཕེལ་རྒྱས་ཁྲོད་ཀྱི་དགེ་མཚན། ཞིང་ཆེན་ཡོངས་ཀྱི་ཐོན་ལས་སྒྲིག་གཞི། དངུལ་གཏོང་སྒྲིག་གཞི། ལས་ཞུགས་སྒྲིག་གཞི། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སོགས་ཀྱི་གནད་དོན་ཐད་ནས། དེ་གའི་ལས་བྱེད་པ་དང་ལས་བཟོ་བར་བསམ་ཚུལ་བརྗེ་རེས་བྱས།
ཝང་གོ་ཧྲིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ལས་རིམ་ཁག་སོ་སོ་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་པར་མ་ཟད། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་མ་ལག་གི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ལ་སྙིང་ཉེ་བའི་ངང་འཚམས་འདྲི་ཞུས། ཁོས་བསྟན་དོན། འཕེལ་རྒྱས་བཅོས་སྒྱུར་མ་ལག་གིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་བཅོས་སྒྱུར་ལས་རིམ་ཧྲིལ་བོའི་ཁྲོད་ཕྲག་སྟེང་དུ་ལེན་དགོས་པའི་འགན་འཁྲི་ཧ་ཅང་ལྕི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཉིས་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། སྔར་ལས་ལྷག་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ལས་རིམ་ཁག་སོ་སོའི་ཐབས་ཇུས་བཀོད་སྒྲིག་ཚང་མ་ལྷག་ལུས་མེད་པའི་ངང་དངོས་འབེབས་དོན་འཁྱོལ་བྱས་ཏེ། ད་ལོའི་ལས་རིམ་ཁག་སོ་སོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་ཐད་འགན་སྲུང་བྱེད་དགོས། ཚན་རིག་འཕེལ་རྒྱས་ཀྱི་བསམ་བློར་གོ་བ་ཡང་དག་བླངས་ནས། མཚོ་སྔོན་གྱིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ལས་རིམ་ཧྲིལ་བོའི་ཁྲོད་ཟིན་པའི་འཐབ་ཇུས་གོ་གནས་དང་འགན་འཁྲི་ལྕི་མོར་ངོས་འཛིན་ཟབ་མོ་བྱེད་དགོས་པར་མ་ཟད། ཚན་རིག་གི་ལམ་ནས་མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་དང་ཁྱད་ལྡན་ཐོན་ཁུངས། བོད་ཁུལ་སྲིད་ཇུས་སོགས་ཀྱི་དགེ་མཚན་མང་པོར་གོ་བ་ཡང་དག་བླངས་ཏེ། འཆར་འགོད་མྱུར་དུ་བྱེད་དགོས་ཤིང་། ནན་ནན་ཏིག་ཏིག་ངང་འཆར་འགོད་ཚང་མ་ཡར་ལྡན་དུ་སྤེལ་དགོས། ཧུར་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་ཡོང་ཅི་ཐུབ་བྱས་ཏེ། དངོས་དོན་བདེན་འཚོལ་དང་དཀའ་བ་ཁྱད་གསོད་ཀྱི་སྙིང་སྟོབས་ཆེན་པོ་བཅངས་ནས། ཚན་རིག་གི་ལམ་ནས་སང་ལོའི་འཕེལ་རྒྱས་དམིགས་འབེན་དང་འགན་འཁྲི་གཏན་འབེབས་བཟོ་དགོས་ཟེར།
ཀྲང་ཀོང་རུང་དང་ཝང་ཡུས་པོ་གཉིས་ཐེངས་འདིའི་བྱ་འགུལ་ཁྲོད་ཞུགས།