ཉེ་བའི་ལོ་འདི་འགར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་བརྩོན་ཆེན་པོས་མི་རིགས་སྨན་རྫས་ལས་དོན་འཕེལ་རྒྱས་བྱ་བར་གཞོགས་འདེགས་དང་སྐུལ་འདེད་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་ཆེད་ལས་ཚན་ཁག་འཛུགས་སྐྲུན། འཇོན་ཐང་མི་སྣ་གསོ་སྐྱོང་། ཚན་རིག་ཞིབ་འཇུག་གི་ལས་གཞི་གཉེར་བ་བཅས་ལ་བར་མ་ཆད་པའི་ངང་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་སྨན་རྫས་དང་ཕྱི་ལུགས་སྨན་རྫས་མ་ལག་སྙོམ་སྒྲིག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་གྲུབ་ཡོད་ཅིང་། དེས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་བྱེད་ནུས་མི་དམན་པ་བཏོན་ཡོད།
རྨ་ལྷོ་ཁུལ་གྱིས་སྨན་བཅོས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། བོད་སྨན་ཁང་དང་སོག་སྨན་ཁང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཧི་ནན་རྫོང་དང་རྩེ་ཁོག་རྫོང་། གཅན་ཚ་རྫོང་བཅས་ཀྱི་རྫོང་རིམ་པའི་བོད་སོག་གཞུང་གཉེར་སྨན་ཁང་ལ་ཕྱོགས་བསྡུས་བཅོས་སྒྱུར་ལག་བསྟར་བྱས་ཏེ། ལས་བཟོ་བའི་གྲོན་དངུལ་དེ་བཅོས་སྒྱུར་མ་བྱས་པའི་སྔོན་གྱི་བརྒྱ་ཆའི་དགུ་བཅུ་ནས་ད་ཆ་བརྒྱ་ཆའི་བརྒྱ་སྤྲོད་ཀྱིན་ཡོད་པ་དང་། ལས་བཟོ་བའི་གྲངས་འབོར་ནི་སྨན་བཅོས་བཅོས་སྒྱུར་མ་བྱས་པའི་སྔོན་གྱི་མི་གོ་གསུམ་ནས་དེང་སྐབས་མི་བརྒྱ་དང་ཉེར་བདུན་ལ་འཕར་ཡོད། ཁུལ་བོད་སྨན་ཁང་དང་ཧི་ནན་རྫོང་གི་སོག་བོད་སྨན་ཁང་། རྩེ་ཁོག་རྫོང་གི་བོད་སྨན་ཁང་བཅས་སྔར་ཡོད་རྨང་གཞིའི་སྟེང་རྒྱ་བསྐྱེད་དེ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་བོད་སོག་སྨན་ཁང་བཞི་དང་། སྨན་ལུམས་ཐོག་ཁང་དང་དགོན་སྡེ་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལས་གཞི་ང་བརྒྱད་ལག་བསྟར་བྱས་པར་མ་ཟད། བོད་སོག་སྨན་ཁང་གི་ཆེད་ལས་མི་སྣ་སོ་བདུན་དང་། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་བོད་སྨན་ཆེད་ལས་མི་སྣ་བདུན་བཅས་ཆེད་དུ་འདེམས་སྒྲུག་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་སྨན་ཁང་དང་ཆེད་མཁས་པའི་གམ་དུ་སློབ་སྦྱོང་དང་ཟབ་སྦྱོང་བྱེད་དུ་མངགས། རྫོང་སོ་སོའི་རང་སྟེང་གི་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་བའི་སྒོ་ནས། བར་མ་ཆད་པའི་ངང་སྨན་རྫས་ལས་བཟོ་བའི་དཔུང་སྡེ་རྒྱ་བསྐྱེད་དུ་བཏང་།
མིག་སྔའི་བར་དུ། རྨ་ལྷོ་ཁུལ་དུ་བོད་སོག་སྨན་ཁང་བཞི་དང་། ཁུལ་ཡོངས་སུ་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་ཉེར་གསུམ། སྡེ་བའི་འཕྲོད་བསྟེན་ཁང་བརྒྱ་དང་ཉེར་དྲུག དམངས་ཁྲོད་དང་དགོན་སྡེ། མི་སྒེར་གྱི་སྒོ་བསྟེན་སྨན་ཁང་སོ་གཅིག་བཅས་ཡོད་ཅིང་། སྨན་ཁང་དེ་དག་གི་སྨན་པས་རོང་འབྲོག་མི་དམངས་ལ་སྨན་བཅོས་ཞབས་ཞུ་བྱེད་ཀྱིན་ཡོད། ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་། སྡེ་བའི་འཕྲོད་བསྟེན་ཁང་། མི་སྒེར་གྱི་སྒོ་བསྟེན་སྨན་ཁང་བཅས་ཀྱིས་སོ་སོར་ཁུལ་ཡོངས་ཀྱི་བརྒྱ་ཆའི་ང་དགུ་དང་བརྒྱ་ཆའི་ཞེ་བཞི། བརྒྱ་ཆའི་ཞེ་བརྒྱད་བཅས་ཟིན།