ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཐེར་ཆེན་གསུམ་ཐེར་འབུམ་དྲུག་དུང་ཕྱུར་གསུམ་བཏང་ནས་གྲོང་ཁྱེར་འཛུགས་སྐྲུན་བྱས།
2016.12.16 ཁུངས། ཀློག་གྲངས། 3

        ཟླ་12པའི་ཚེས་15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ནས་བསྡུས་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡིག་ཆ་ཨང་34བ་དང་35པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཐུན་མོང་གི་འབད་བརྩོན་འོག མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དོ་དམ་བྱ་བར་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་། ལོ་ལྔ་ཡི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གྱིས་བརྟན་འཇགས་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཐེར་ཆེན་གསུམ་ཐེར་འབུམ་དྲུག་དུང་ཕྱུར་གསུམ་ཡོངས་འགྲུབ་བྱས་པས་ཞིང་ཆེན་ཡོངས་ཀྱི་བརྟན་འཇགས་མ་དངུལ་གྱི་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་བདུན་ཟིན། གྲོང་ཁྱེར་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་མ་ལག་གྲུབ་ཟིན་ལ། རྨང་གཞིའི་སྒྲིག་ཆས་མངོན་གསལ་གྱིས་ལེགས་སྒྱུར་བྱུང་ཡོད་པ་ཟད། གྲོང་ཁྱེར་དོ་དམ་རིམ་བཞིན་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱས།
        དེ་དང་མཉམ་དུ། འཛུགས་སྐྲུན་ནུས་ཚད་ཇེ་ཆེར་གཏོང་ཆེད་གྲོང་ཁྱེར་གྱི་ཕྱོགས་བསྡུས་འདེགས་ཤུགས་ལ་ཤུགས་བསྣན་ནས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཁོངས་སུ་སྤྱི་བའི་སྒྲིག་ཆས་ཐད་མ་དངུལ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་ལྔ་དུང་ཕྱུར་བཞི་བཏང་། ཞིང་ཆེན་ཡོངས་སུ་མཁར་གྲོང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྔར་ཡོད་ཀྱི་སྤྱི་ལེ་གྲུ་བཞི་མ་སུམ་བརྒྱ་བཅུ་དང་གྲངས་ཆུང་ཐིག་གཉིས་ནས་སྤྱི་ལེ་གྲུ་བཞི་མ་ལྔ་བརྒྱ་བཅུ་དང་གྲངས་ཆུང་དྲུག་ལྔ་ལ་རྒྱ་བསྐྱེད་པ་རེད།