ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཉིས་སྟོང་བཅུ་བདུན་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་མང་ཚོགས་ཀྱི་རིག་གནས་བྱ་འགུལ་བཟང་བོར་སྤེལ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་མང་ཚོགས་རིག་གནས་བྱ་འགུལ་བཟང་བོར་སྤེལ་བའི་ཐད་ལ་བཀོད་སྒྲིག་བྱས།
བརྡ་ཐོ་ལས་བསྟན་དོན། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་མང་ཚོགས་རིག་གནས་བྱ་འགུལ་སྤེལ་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཚང་འཛོམས་གྲོས་ཚོགས་རེ་རེ་ཡི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སོགས་ལ་སློབ་སྦྱོང་དང་དེ་ལག་བསྟར་དང་དངོས་འབེབས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་བློ་རིག་གནས་འཚོ་བ་ཕུན་སུམས་ཚོགས་པར་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་རིག་གནས་དགོས་མཁོ་ཡོངས་སུ་སྐོང་བར་བྱེད་དགོས་ལ། ཕུན་སུམ་ཚོགས་པའི་རིག་གནས་བྱ་འགུལ་སྤེལ་བ་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་སྒྲོག་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་དེང་སྐབས་སྤེལ་བཞིན་པའི་སློབ་གཉིས་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་དང་དེ་མིན་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་བརྩམས་པའི་ཚུན་ལ་མཚོ་སྔོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་སོགས་ཁྱབ་ཁོངས་སོ་སོ་ནས་བླངས་པའི་གྲུབ་འབྲས་སོགས་དང་ཟུང་འབྲེལ་བྱེད་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལས་སྒྲུབ་ལས་སྤེལ་བྱེད་པའི་སྙིང་སྟོབས་དང་སྟོབས་བཤུགས་མུ་མཐུད་ནས་གཅིག་སྡུད་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།