ད་ལོའི་དབྱར་དུས་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་བ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་དང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ལས་ཁུངས་ཀྱིས་ཞན་ཆ་ཁ་གསབ་དང་རྒྱུ་སྤུས་མཐོར་འདགེས། དམངས་ཚིས་ལ་ཕན་འདོགས་པའི་རྩ་དོན་ལ་དམིགས་ནས། བྱེད་ཐབས་སྣ་མང་སྤྱད་དེ་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་པ་ཇེ་མཐོར་བཏང་།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྡེ་ཁག་གིས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བའི་ལས་གཞི་དང་ཉམས་ཞན་སློབ་གྲྭ་བསྒྱུར་བཀོད་ཀྱི་འཆར་གཞི་ལས་གཞི་ལག་བསྟར་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ལས་གཞི་ལ་གཅིག་གྱུར་འཆར་འགོད་བྱས་ལ། མཁར་གྲོང་གི་འོས་འགན་སློབ་གསོ་འཛུགས་སྐྲུན་ཚད་གཞི་དང་དགེ་རྒན་གྱི་སྒྲིག་ལུགས་ཚད་གཞི་སོགས་ལ་གཅིག་གྱུར་བྱས། གནས་ངེས་གཏན་མེད་པའི་མི་གྲངས་ཀྱི་བྱིས་པས་འོས་འགན་སློབ་གསོ་དང་ལེན་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཕ་མ་གམ་དུ་མེད་པའི་བྱིས་པར་གཟིགས་སྐྱོང་བྱས་ལ། རྨང་གཞི་ཞན་པའི་རྫོང་གི་མཐོ་འབྲིང་དཀྱུས་མའི་འཛུགས་སྐྲུན་ལས་གཞི་དང་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཁུལ་དྲུག་གི་ལས་རིགས་སློབ་གསོའི་ཁུལ་གཅིག་ལ་ལས་རིགས་སློབ་གྲྭ་གཅིག་འཛུགས་སྐྲུན་བྱེད་པའི་འཆར་གཞི་ལག་བསྟར་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པར་རྒྱབ་རྟེན་བྱས་ནས། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་དང་དབུལ་སྐྱོར་གསར་སྤེལ་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ། ལས་ཞུགས་བྱས་མེད་པའི་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མའི་གསོ་སྦྱོང་བྱ་བ་ཡོངས་སུ་ཁེབས་བྱས་པ་དང་། མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་ཉམས་ཞན་དུས་རིམ་ལ་དོ་སྣང་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐད་གཉིས་སློབ་གསོ་སྤེལ་བ། བོད་ཁུལ་གྱི་ཁུལ་དྲུག་གི་སློབ་མ་ཕྱི་རུ་བསྐྱལ་ནས་ཕྱི་ནས་འཛིན་གྲྭ་བསྒྲུབས་པ་བཅས་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་བརྒྱ་རུ་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་སློབ་ཁྲིད་བོཀད་སྒྲིག་བྱེད་པའི་ཚོད་ལྟའི་བྱ་འགུལ་གྱི་ལག་བསྟར་ཇུས་གཞི་བཟོས་ནས། ད་ལོའི་ཟླ་དགུ་བའི་ནང་སློབ་གྲྭ་བརྒྱ་རུ་བཀྲམས་པ་དང་། དབུལ་ཕོངས་ས་ཁུལ་གྱི་ས་ཕྱོགས་གཏན་ཁེལ་བྱས་པའི་སློབ་བསྡུ་འཆར་གཞི་དང་དམིགས་བསལ་ཅན་གྱི་དཀའ་ཁག་ཆེ་བའི་བྱིས་པར་གཟིགས་སྐྱོང་བྱེད་པའི་འཆར་གཞི། སློབ་གསོའི་ཐད་ཀྱི་ཁ་གཏད་རོགས་སྐྱོར་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས།
ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་སྡེ་ཁག་གིས་བདེ་ཐང་མཚོ་སྔོན་གྱི2030ལོའི་འགུལ་སྐྱོད་འཆར་གཞི་ལ་ཞིབ་འཇུག་ང་གཏན་འབེབས་བྱས་པ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་གོམ་རིམ་གསུམ་གྱི་འཐབ་ཇུས་དམིགས་འབེན་གཏན་ཁེལ་བྱས། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་ནས་བཟུང་། ཞིང་ཆེན་ཡོངས་ནས་རྒྱལ་ཡོངས་སྨན་བཅོས་ཞབས་ཞུ་རིན་གོང་ལས་གཞིའི་ཚད་གཞིའི་རིན་གོང་དཀར་ཆག་གཅིག་གྱུར་སྒོས་ལག་བསྟར་བྱས་པ་དང་། ཁྱིམ་ཚང་གི་སྨན་པའི་གྲོས་མཐུན་བཀོད་པའི་ཞབས་ཞུ་བྱ་བ་ཁྱོན་ཡོངས་ནས་སྤེལ་ནས། གྲོང་ཁྱེར་མཁར་ཁུལ་གྱི་ཁྱིམ་ཚང་གི་སྨན་པའི་གྲོས་མཐུན་བཀོད་པའི་ཚད་བརྒྱ་ཆའི་གྱ་གཅིག་ལྷག་ལ་བསླེབས་པ་དང་། རོང་འབྲོག་ཁུལ་གྱི་ཞིང་སྡེའི་སྨན་པའི་གྲོས་མཐུན་བཀོད་ཚད་བརྒྱ་ཆའི་རེ་གསུམ་ལྷག་ལ་བསླེབས། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཀྱི་ཁ་གསབ་ཚད་གཞི་སྒོར་ལྔ་བཅུའི་ཇེ་མཐོར་བཏང་ནས། རྒྱལ་ཡོངས་དང་ནུབ་རྒྱུད་ས་ཁུལ་གྱི་མདུན་གྲས་སུ་བསླེབས་ཡོད།