ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། ཝང་གོ་ཧྲིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཝང་ཅན་ཅོན་གྱིས་ཙུང་ལི་ལིས་ཁི་ཆང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཀྲང་ཀོང་རུང་གིས་མཚོ་སྔོན་གྱིས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ཐབས་སྐོར་ནས་གཏམ་བཤད།
ཝང་གོ་ཧྲིན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས་པའི་ཚུན་ལ། ཀྲུང་དབྱང་གིས་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་དཔལ་འབྱོར་བྱ་བར་སྤྱི་སྡོམ་གནད་སྨིན་མཛད་ཡོད་ཅིང་། མིག་སྔའི་རྒྱལ་སྤྱི་རྒྱལ་ནང་གི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་ཡོད་པར་མ་ཟད། ཚན་རིག་གི་ལམ་ནས་སང་ལོའི་དཔལ་འབྱོར་བྱ་བའི་དམིགས་འབེན་གཙོ་བོ་དང་སྤྱི་ཁོག་སྲིད་ཇུས་ལ་འགྲེལ་བརྗོད་གསལ་ཐག་ཆོད་པ་བྱས་ཡོད། དེ་མིན་ད་དུང་ཁྱོན་ཡོངས་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་ཟབ་འཁྱོལ་ཡོང་བར་བཀོད་སྒྲིག་དང་། གནད་འགག་རང་བཞིན་གྱི་བཅོས་སྒྱུར་སོགས་བྱ་བ་གཙོ་བོ་མགྱོགས་མྱུར་སྒོས་སྤེལ་ཐབས་ལ་བཀོད་སྒྲིག་བྱས་པར་མ་ཟད། ཏང་གི་དཔལ་འབྱོར་བྱ་བའི་སྣེ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་ཐབས་སྐོར་ནས་བླང་བྱ་གསལ་བོ་བཏོན། གཏམ་བཤད་ཀྱིས་རྩོད་སྒྲུབ་དངོས་གཙོ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལངས་ཕྱོགས་བྱེད་ཐབས་ཁྱབ་པར་བྱས་ཏེ། དེར་བསམ་བློ་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་མངོན་གསལ་ལྡན་པས། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་དཔལ་འབྱོར་གྱི་ཡིག་ཚགས་གལ་ཆེན་ཞིག་ཀྱང་ཡིན། ཙུང་ལི་ལིས་ཁི་ཆང་གི་གསུང་བཤད་གལ་ཆེན་གྱིས། ད་ལོའི་དཔལ་འབྱོར་བྱ་བར་ཕྱིར་དྲན་དང་སྤྱི་སྡོམ་བྱས་པར་མ་ཟད། དཔལ་འབྱོར་བྱ་བའི་སྲིད་ཇུས་ཁ་ཕྱོགས་འགྲེལ་བརྗོད་ཞིབ་གསལ་གནང་ནས། སང་ལོའི་དམིགས་འབེན་འགན་འཁྲི་ལ་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་ངེས་པར་དུ་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཡང་དག་བླངས་ནས། བསམ་བློ་དང་སྦྱོར་བ་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་འབད་མཐར། ཀྲུང་དབྱང་གི་ལས་རིམ་ཁག་སོ་སོའི་ཇུས་གཞིའི་བཀོད་སྒྲིག་ཐམས་ཅད་མཚོ་སྔོན་ནས་རྩ་བ་ཚུགས་ཏེ། རྩེ་མོ་རྣམ་པར་རྒྱས་ཐུབ་པར་འབད་དགོས་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་། ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞི་དངོས་འབེབས་དོན་འཁྱོལ་བྱེད་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བའི་འཛུགས་སྐྲུན་བྱ་བ་བཅས་ལ་རྒྱལ་ཁ་ཕུ་ཐག་ཆོད་མིན་ལ་རག་ལས་པའི་གནད་འགག་གི་ལོ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཁྱོན་ཡོངས་ནས་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཡིད་རྟོན་འགྱུར་མེད་དང་དཀའ་ངལ་ལ་མི་འཛེམ་པར་མདུན་ནས་མདུན་དུ་སྐྱོད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཡར་ལྡན་དུ་སྤེལ་བ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཡིད་ལ་དམ་པོར་ཉར་བ་དང་དེ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བར་སྣེ་སྟོན་རུང་བསྟུན་བྱེད་པ། ཁྱོན་ཡོངས་ནས་བརྟན་འཇགས་ཀྱི་ཁྲོད་ནས་འཕར་སྣོན་འབྱུང་བ་དང་། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞིར་སྙོམ་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་ཁེ་བསྐྲུན་པ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་རིམ་ཁག་བཟང་བོར་བསྒྲུབ་ནས། དཔལ་འབྱོར་བརྟན་འཇགས་བདེ་ཐང་གི་ངང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ངང་འཕེལ་བར་སྐུལ་འདེད་བྱས་ཏེ། གྲུབ་འབྲས་འབུར་དུ་ཐོན་པའི་ངང་ནས་ཏང་གི་སྐབས་བཅུ་དགུ་བ་དང་། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་རྒྱལ་ཁའི་ངང་བསྡུ་ཐུབ་པར་བསུ་མ་བྱེད་དགོས་ཟེར།
ཝང་གོ་ཧྲིན་གྱིས་བསྟན་དོན། ཁྱོན་ཡོངས་ནས་གྲོས་ཚོགས་ཀྱི་དགོངས་དོན་མ་ནོར་མ་འཆུག་པའི་ངང་རང་རྒྱུད་ལ་ལེན་པར། ཅིས་ཀྱང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི། དཔལ་འབྱོར་བྱ་བའི་གྲུབ་འབྲས་གལ་ཆེན་དག་ལ་གོ་བ་ཡང་དག་ལེན་དགོས་ཤིང་། སང་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱར་གོ་བ་ཡང་དག་ལེན་ཐུབ་དགོས། དེ་མིན་ད་དུང་སང་ལོའི་སྤྱི་ཁོག་དཔལ་འབྱོར་གྱི་ཆབ་སྲིད་ཁ་ཕྱོགས་ལ་གོ་བ་མ་ནོར་བ་ལེན་དགོས་པར་མ་ཟད། སང་ལོའི་དཔལ་འབྱོར་བྱ་བའི་འོས་འགན་གཙོ་བོར་གོ་བ་རྟིང་ཐག་ཆོད་པ་ལེན་དགོས། སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པ་ལ། གཤམ་གྱི་གནད་བཞི་དམ་པོར་འཛིན་དགོས་ཏེ། གཅིག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་མཛུབ་སྟོན་དུ་འཛིན་རྒྱུ་ཡིད་ལ་རྟག་པར་ཉར་དགོས། གཉིས་ནས་བརྟན་འཇགས་ཀྱི་ཁྲོད་ནས་ཡར་རྒྱས་ཡོང་ཐབས་ཀྱི་བྱ་བའི་ཁ་ཕྱོགས་གཙོ་བོར་གོ་བ་ཡང་དག་ལེན་ཐུབ་དགོས། གསུམ་ནས་ཞིང་ཆེན་རང་གི་གནས་བབ་ངོ་མ་ངོས་ཟིན་ཚད་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས། བཞི་ནས་ཆབ་སྲིད་འགན་འཁྲི་དུས་རྟག་པར་དམ་སྲུང་དངོས་འབེབས་བྱེད་དགོས་པ་བཅས་ཡིན་ཟེར།
ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། མི་འགྱངས་བར་ལོ་གསར་བ་ཞིག་གི་མགོ་རྩོམ་རྒྱུ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་ངེས་པར་དུ། བདེ་འཇགས་དང་བརྟན་འཇགས་བྱ་བ་ཡིད་ལ་དམ་པོར་ཉར་དགོས། མི་སྣ་གཙོ་བོའི་ཞིབ་བཤེར་དོ་དམ་ཚོད་འཛིན་བྱ་བ་དང་། འགལ་བ་འདུམ་འགྲིག་ལེགས་པོ་བྱེད་པ། སྤྱི་ཚོགས་བདེ་འཇགས་དོ་དམ་སོགས་ཀྱི་བྱ་བ་ཁ་མིན་དོན་གྱིས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱིའི་བྱ་བ་དང་འཆམ་མཐུན་བརྟན་འཇགས་ལ་འགན་ལེན་ཁག་ཐེག་བྱེད་དགོས། བདེ་འཇགས་ཐོན་སྐྱེད་བྱ་བར་མཐོང་ཆེན་བླ་མེད་བྱས་ཏེ། ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཉེ་ལམ་བདེ་འཇགས་ཐོན་སྐྱེད་བྱ་བར་ཆེད་དོན་ཞིབ་འཇུག་བྱེད་སྐབས་བཏོན་པའི། བྱ་བའི་བཀོད་སྒྲིག་དང་བླང་བྱ་གསལ་བོ་ལག་ལེན་མཐར་ཕྱིན་བྱེད་དགོས། ཏང་སྲིད་འགན་འཁྲི་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ལེགས་སྒྲིག་གྲུབ་འབྲས་འབུར་ཐོན་ཡོང་བར་འབད་དགོས། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་དུས་ཆེན་གྱི་མཁོ་སྒྲུབ་བྱ་བ། ལོ་སར་སྐབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན། རིག་གནས་གཞི་རིམ་དུ་སྤེལ་བ། ཟས་རིགས་བདེ་འཇགས། དཔལ་ཡོན་གྱི་སྒོ་ནས་དུས་ཆེན་རོལ་བ། སྤྱོད་གཙང་རང་སྡོམ་གྱི་གཏན་འབེབས་ལག་བསྟར་བྱེད་པ་སོགས་ལས་རིམ་ཁག་བཟང་བོར་བསྒྲུབ་དགོས་ཟེར།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་དམག་ཁུལ་གྱི་འབུམ་དཔོན་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད། དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྤྱིའི་རུ་ཁག་གི་དམག་སྲིད་མགོ་བ་གཙོ་བོ། ཞིང་ཆེན་ཏང་ཨུའི་རིམ་པ་སོ་སོའི་པུའུ་དང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་གཙོ་བོའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།