མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཕྱི་ཕྱོགས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་ནས་ཐུམ་འབུའི་ནད་ཀྱི་འགོག་བཅོས་ནུས་པ་ཇེ་ཆེར་བཏང་།
2016.12.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱ་བའི་ནུས་པ་མཐོར་འདེགས་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཚད་ཇེ་མཐོར་གཏོང་ཆེད་ཉེ་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་འཕྲོད་བསྟེན་དང་སློབ་གསོ། ཞིང་ཕྱུགས། ཆུ་བེད། རྒྱང་སྒྲོག་བརྙན་འཕྲིན། རིམས་ནད་སྔོན་འགོག སྨན་ཁང་སོགས་ཞང་གྲོང་ཁ་ཤས་ཀྱི་འགན་ཁུར་མི་སྣ་བཅུ་དྲུག་རྩ་འཛུགས་བྱས་ནས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་སོང་ནས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་སྔོན་ཐོན་ཉམས་མྱོང་དང་ནུས་ཡོད་བྱེད་ཐབས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རྟོག་ཞིབ་སློབ་སྦྱོང་སྐབས་སུ། རྟོག་ཞིབ་ཚན་ཁག་ཐོག་མར་སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་གྱི་སྲིད་གཞུང་དང་རིམས་འགོག་ས་ཚིགས། སློབ་གྲྭ སྡེ་བ་རིམ་པའི་བྱ་འགུལ་ཁང་། རྫོང་གི་ནད་རིགས་སྔོན་འགོག་ལྟེ་གནས་སོགས་སུ་སོང་ནས་ཡུལ་དངོས་ནས་འགྲེལ་བཤད་བྱེད་པ་དང་འབྲེལ་ཡོད་རྒྱུ་ཆར་ལྟ་ཀློག་བྱེད་པ། ལས་བྱེད་པ་དང་མང་ཚོགས་བར་བརྗེ་རེས་དང་འདྲི་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཡུལ་དངོས་ནས་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཁྲོད་ཀྱི་ཞིབ་ཕྲའི་བྱེད་ཐབས་ལ་ལྟ་ཞིབ་དང་སློབ་སྦྱོང་བྱས་པ་མ་ཟད་སེར་ཤུལ་རྫོང་གི་སྤྱི་བདེ་དང་འཕྲོད་བསྟེན། ཆོས་ལུགས། ཆུ་བེད། ཐུམ་འབུའི་ནད་འགོག་བཅོས་གཞུང་སྒྲུབ་ཁང་སོགས་ལས་ཁུངས་སུ་བཞུགས་མོལ་བརྫེ་རེས་བྱས་ཤིང་སེར་ཤུལ་རྫོང་སྲིད་གཞུང་དང་དེ་མིན་སྡེ་ཁག་སོ་སོས་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཉམས་མྱོང་མཚམས་སྦྱོར་བྱས་པར་གཟབ་ནན་གྱིས་ཉན་ནས་པད་མ་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཁྲོད་ཀྱི་མི་འདང་ས་དང་ཉམས་ཞན་སར་དབྱེ་ཞིབ་དང་འཚོལ་ཞིབ་བྱས་པ་དང་མཉམ་གཅིག་དུ་ཐུམ་འབུའི་ནད་འགོག་བཅོས་བྱ་བའི་ཁྲོད་ཀྱི་དཀའ་གནད་ལ་གྲོས་བསྡུར་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གོ་རིམ་རྗེས་མའི་ཐུམ་འབུའི་ནད་འགོག་བཅོས་བྱ་བ་སྤེལ་བའི་བསམ་ཕྱོགས་དང་བྱེད་ཐབས་ལ་ཇུས་འགོད་བྱས།

 ཐེངས་འདིའི་རྟོག་ཞིབ་སློབ་སྦྱོང་བརྒྱུད་ནས། རྟོག་ཞིབ་ཚན་ཆུང་གི་ཁོངས་མི་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཐུམ་འབུའི་ནད་ཀྱི་འགོག་བཅོས་བྱེད་ཐབས་ལ་རྒྱུས་ལོན་བྱས་པ་དང་བྱ་བའི་བསམ་ཕྱོགས་ཇེ་གསལ་དུ་བཏང་ལ་རྗེས་ཕྱོགས་ཀྱི་འབད་འཐབ་བྱེད་པའི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་ནས་པད་མ་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་ཐུམ་འབུའི་ནད་འགོག་བཅོས་བྱ་བ་སྤེལ་བར་རྨང་གཞི་བརྟན་པོ་བཏིངས།