ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་པའི་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་གཉིས་ཀྱིས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་ཆེན་པོ་བྱེད་པའི་བྱ་བར་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རུང་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་མཱ་ཧྲོན་ཆིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།
ཝང་གོ་ཧྲིན་གྱིས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ལས་ཁུངས་ཁག་གིས་ངེས་པར་དུ་བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞིའི་བླང་བྱ་ལྟར། ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་པའི་བྱ་བར་མཐོང་ཆེན་དང་དེ་ནན་ཏན་ངང་ལག་བསྟར་བྱེད་དགོས། གཡོལ་མེད་དང་ལེན་གྱི་འགན་འཁྲིའི་ངོས་ནས་ཁོར་ཡུག་སྲུང་སྐྱོབ་ཁྲོད་གནས་པའི་གནད་དོན་ཅི་རིགས་རྩད་གཅོད་བྱས་ཏེ་ལེགས་སྒྲིག་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་ཏང་སྲིད་འགན་འཁྲི་མཉམ་གནས་དང་ལས་རྐང་གཅིག་གི་སྟེང་ནས་འགན་འཁྲི་གཉིས་ལྷུར་ལེན་དགོས་པའི་བྱ་བ་དངོས་འབེས་དོན་འཁྱོལ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་གནད་དོན་འབུར་ཐོན་ཐག་གཅོད་ཡག་པོ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ཁུལ་གསུམ་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་དགོས། བར་མ་ཆད་པའི་ངང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བསྐྲུན་ནས། མཛེས་སྡུག་ཀྲུང་གོའི་མཚོ་སྔོན་གྱི་ལོ་རྒྱུས་གསར་བ་འབྲི་ཐུབ་དགོས་ཟེར།
ཝང་ཅན་ཅོན་གྱིས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ལས་ཁུངས་ཁག་སོ་སོ་བཅས་ཀྱིས་ངེས་པར་དུ་ཆབ་སྲིད་བརྩི་བ་དང་སྤྱི་ཡོངས་བསམ་པ། འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པ་བཅས་ཀྱི་མཐོ་ཚད་ནས་འགྲེངས་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བྱ་བའི་གལ་ཆེན་རང་བཞིན་དང་ཉེན་ཚབས་རང་བཞིན་གྱི་ངོས་ཟིན་མཐོར་འདེགས་གཏོང་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དངོས་འབེབས་དོན་འཁྱོལ་བྱེད་དགོས། ལྟ་ཞིབ་བྱ་བ་བརྒྱུད་དེ་སྔར་ལས་ལྷག་པའི་སྒོ་ནས་ཁོར་ཡུག་གནད་དོན་རྩད་གཅོད་དང་། ལས་སྒོ་སོ་སོའི་འགན་འཁྲི་ཇེ་དམ་དུ་གཏོང་དགོས། ལེགས་སྒྲིག་དངོས་འབེབས་བྱ་བ་དམ་གཉེར་དང་འགན་འཁྲི་རྩད་གཅོད་བྱ་བ་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་བདེ་ཐང་ཡུན་བརྟན་གྱི་ལམ་ལུགས་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་འཐབ་ལ་བརྟེན་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཐུབ་དགོས་ཟེར།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་ངེས་པར་དུ། ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་གཉིས་ཀྱིས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་བཟང་བོར་བསྒྲུབ་དགོས་པའི་ཐད་བཏོན་པའི་བླང་བྱ་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་གལ་ཆེན་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས། སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས། འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པའི་འདུ་ཤེས་བཅས་ཡིད་ལ་བརྟན་པོར་ཉར་ནས། ལྟ་ཞིབ་བརྒྱུད་དུ་གནད་དོན་མ་ནོར་མ་འཆུག་པའི་ངང་འཚོལ་བ་དང། འགན་འཁྲི་འཕྲལ་སྒྲུབ་བྱེད་པ། ལེགས་སྒྲིག་དངོས་འབེབས་དོན་འཁྱོལ་བྱེད་པ་བཅས་ལ་འབད་དེ། ནན་ནན་ཏིག་ཏིག་ངང་ཁོར་ཡུག་སྲུང་སྐྱོབ་ཐད་གྲུབ་འབྲས་གསར་བ་ལེན་ཐུབ་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བྱ་བཟང་བོར་བསྒྲུབས་པ་ལ་གཤམ་གྱི་བླང་བྱ་འདི་དག་ལ་དོ་སྣང་བྱེད་དགོས་ཏེ། གཅིག་ནས་ལྟ་ཞིབ་བྱ་བའི་གནད་ས་དང་བླང་བྱར་གོ་བ་ཡང་དག་ལེན་དགོས། གཉིས་ནས་ལེགས་སྒྲིག་བྱ་བས་ལྟ་ཞིབ་ཀྱི་ལས་རིམ་ཡོངས་ཁྱབ་པར་བྱེད་དགོས། གསུམ་ནས་བྱ་བའི་སྒྲིག་ལམ་དམ་ཟབ་ཀྱི་སྒོ་ནས་ལྟ་ཞིབ་བྱ་བའི་ལས་ཆོད་ལ་འགན་སྲུང་བྱེད་དགོས་པ་བཅས་ཡིན་ཟེར།