ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་རྒྱལ་ཡོངས་སྐབས་དང་པོའི་དཔལ་ཡོན་ཁྱིམ་ཚང་གི་གཟེངས་བསྟོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་ལ་ཉན།
ཚོགས་ཐོག་ནས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱི་ཞིང་གསུམ་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རེ་བར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཚོགས་ཐོག་ནས། ད་ལོར། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། སེམས་ཤུགས་གཅིག་བསྒྲིལ་གྱིས་དཀའ་སྤྱད་འབད་འཐབ་བྱས་པས། ཞིང་ཕྱུགས་ལས་ཀྱི་ཐོན་ཚད་རྒྱུན་མཐུད་དེ་ཇེ་མང་དུ་སོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་དེ་འཕར་སྣོན་བྱུང་ལ། རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་གཏན་འཇགས་ངང་སྤེལ་བའི་རྣམ་པ་བཟང་བོ་ཆགས་པར་བྱས་པ་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་མགོ་བཟང་བོ་ཞིག་བརྩམས་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སང་ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་བྱ་བ་བཟང་བོ་བསྒྲུབ་ན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འཛུགས་པ། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པར་རྒྱུན་འཁྱོངས་བྱེད་པ། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བ། མཁོ་འདོན་ལེགས་བསྒྱུར་དང་རྒྱུ་སྤུས་ཇེ་མཐོ་དང་ཕན་འབྲས་ཇེ་ཆེར་གཏོང་བ། རོང་འབྲོག་དམངས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་དམིགས་འབེན་གཙོ་བོར་བྱས་ཏེ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བརྟག་བཤེར་ཞིབ་འཇུག་ལ་ཤུགས་སྣོན་པ། ཉམས་ཞན་སར་དོ་སྣང་བྱེད་པ། ཞན་ཆར་ཁ་གསབ་བྱེད་པ། ལྟ་ཞིབ་དཔྱད་ཞིབ་ལ་ཤུགས་སྣོན་དགོས། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་འབྲེལ་བར་ཐག་གཅོད་ཡང་དག་བྱེད་པ་དང་། རྣམ་པ་མི་འདྲ་བའི་གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་སྣེ་ཁྲིད་དུ་བྱེད་པ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་བྱེད་ཐབས་སུ་བྱེད་པ། ཚུལ་བསྒྱུར་རིམ་སྤོར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བདག་གཉེར་སྒྲིག་གཞི་རྐྱེན་སྲོལ་ཐད་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། དེང་རབས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་བ། དབུལ་ཐར་མཁྲེགས་གཏོར་བྱ་བ་བརྟན་བརླིང་ངང་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་སྐབས་དང་པོའི་དཔལ་ཡོན་ཁྱིམ་ཚང་གི་འཐུས་མིར་མཇལ་འཕྲད་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་འཐུས་མི་ལ་མཇལ་འཕྲད་གནང་བ་མ་ཟད་གསུངས་བཤད་གལ་ཆེན་གནང་བ་དེས། ཏང་ཀྲུང་དབྱང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཁྲག་ཁྲིག་མང་པོར་བཅངས་པའི་ཐུགས་ཁུར་མཚོན་ཡོད་པ་མ་ཟད། ཁྱིམ་ཚང་དཔལ་ཡོན་འཛུགས་སྤེལ་བའི་ཐད་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོར་ཧ་ཅང་མཐོང་ཆེན་བྱེད་པ། རྒྱ་ཆེའི་ཁྱིམ་ཚང་ཡོངས་ལ་སྣེ་ཁྲིད་བྱས་ཏེ་ཁྱིམ་ཚང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ་གཉིས་གཅིག་གྱུར་བྱེད་པ། ཁྱིམ་ཚང་གི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་དེ་མི་རིགས་ཀྱི་ཕུགས་འདུན་ཁྲོད་འདྲེས་པར་བྱེད་དགོས་ཟེར།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་ལ་ཉན། ཚོགས་ཐོན་ནས་བསྟན་དོན། ལོ་གཅིག་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ནས། ནན་ནན་ཏིག་ཏིག་བཞིའི་རེ་བ་ཆེན་པོ་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཁག་ཁུར་ཕོད་པ། བྱ་བར་འབད་འཐབ་ལྷོད་མེད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོ་ཆབ་སྲིད་འཛུག་སྐྲུན་དང་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2017ལོ་ནི་འབྱོར་འབྲིང་ཁྱོན་ཡོངས་ནས་འགྲུབ་པར་བྱེད་གནད་འགག་གི་ལོ་གཅིག་ཡིན་པས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཏང་ཨུའི་བྱ་བ་གཙོ་བོར་དམིགས་པ་དང་། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དམིགས་ནས། གཞི་རིམ་དུ་བསྐྱོད་པ་དང་གནས་ཚུལ་དངོས་དམིགས་པ། མང་ཚོགས་ཀྱི་ཁྲོད་བསྐྱོད་དེ། བརྟག་བཤེར་ཞིབ་འཇུག་དང་གྲོས་མོལ་གྲོས་བསྡུར་བྱས་ནས། མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་སྟོབས་ཤུགས་ཕུལ། འགན་སྒྲུབ་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བཅོས་བསྒྱུར་གསར་གཏོད་ཀྱི་སྙིང་སྟོབས་ཁྱེར་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་གྲོས་མོལ་དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་། རང་འགན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་དམངས་འཐུས་ཚོགས་ཆེན་དང་སྲིད་གྲོས་ལས་དོན་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་ཟེར།
ཚོགས་ཐོག་ནས་ད་དུང་དོན་བྱ་གཞན་པར་ཞིབ་འཇུག་བྱས།