ཟླ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་དུས་རབས་ཀྱི་དཔེ་བཟང་བློ་མཐུན་སྐལ་བཟང་གི་སྔོན་ཐོན་བྱས་རྗེས་ལ་སྙན་ཞུ་ཕུལ་བའི་གྲོས་ཚོགས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་། ཞིང་ཆེན་ཏང་ཨུའི་ཧྲིན་ཀྲང་གཞོན་པ། ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་བཅས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
སྙན་ཞུའི་གྲོས་ཚོགས་མ་བསྡུས་པའི་སྔོན་ལ། ཝང་གོ་ཧྲིན་དང་ཝང་ཅན་ཅོན་གཉིས་ཀྱིས་སྙན་ཞུ་ཚོགས་པའི་ཁོངས་མིར་ཐུག་འཕྲད་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ནས་ཁོངས་མི་རྣམས་ལ་བཀའ་དྲིན་ཞུས། ཝང་གོ་ཧྲིན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་རྣམས་ལ་ཁ་དོག་གཉིས་དང་ཁྱད་གཤིས་གཉིས་ཀྱི་སྟེང་ནས། བློ་མཐུན་སྐལ་བཟང་གི་སྙིང་སྟོབས་སྒྲོག་འགྲེལ་བྱས། ཁོས་བཤད་རྒྱུར། བློ་མཐུན་སྐལ་བཟང་ནི་ང་ཚོ་མགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་བྱེད་ཡུལ་གྱི་དཔེ་བཟང་མི་སྣ་ཡིན། དུས་རྒྱུན་ཟི་ལིང་ལྷོ་བྱང་རི་བོར་སླེབས་པ་ན། ཁོས་ད་དུང་སྡོང་བོ་འཛུགས་བཞིན་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར། ཁོའི་ལུས་སྟེང་ན་ཁ་དོག་གཉིས་ཀུན་ནས་ཚང་འདུག་སྟེ། གཅིག་ནི་དམངས་ཕལ་བའི་གཤིས་ཀ་དེ་རེད་ལ། གཉིས་ནི་གུང་ཁྲན་ཏང་ཡོན་གྱི་གཤིས་སྤྱོད་དེ་རེད། ཁོའི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་ཡིན་ལ། མི་ཚེ་གང་བོར་མི་དམངས་ལ་ཞབས་འདེགས་ཞུས་ཏེ། རང་ལ་ཅི་ཡོད་ཐམས་ཅད་ཉིས་བགོས་བྱས་ནས་མི་དམངས་མང་ཚོགས་ལ་བྱིན། དེ་ལས་ཁོའི་དམངས་ཕལ་བའི་གཤིས་ཀ་མངོན་པར་མཚོན་ཡོད། བློ་མཐུན་སྐལ་བཟང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་དཀྱུས་མའི་སྤྱོད་པ་ལྷུར་བླངས་ནས། ནན་ནན་ཏིག་ཏིག་ངང་སྤྱིར་བཏང་གི་དོན་བྱ་བསྒྲུབས་མྱོང་བས་ན། དེ་ལས་ཁོའི་དཀྱུས་མ་དང་རླབས་ཆེན་གྱི་བསམ་བློའི་འཇིག་རྟེན་མངོན་པར་མཚོན་ཡོད། གཉིས་ནི་ཁོའི་བརྟན་བརླིང་འགྱུར་མེད་ཀྱི་ངང་རྒྱུད་ཡིན། གཞི་རིམ་ནས་ཞིང་ཆེན་སྲིད་གཞུང་དང་དེ་ནས་ལས་འཁྱུར་ངལ་གསོ་བྱས་པའི་བར་དུ། ཁོས་ཧུར་ཐག་འབད་འཐབ་ངང་ལྷོ་བྱང་རི་བོའི་ལྗང་བསྒྱུར་བྱ་བ་ལོ་ངོ་བཅོ་བརྒྱད་ལ་བསྒྲུབས་པས། དེས་ཁོའི་ནན་ནན་ཏིག་ཏིག་ངང་མི་དམངས་ལ་ཞབས་འདེགས་ཞུས་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། བློ་མཐུན་སྐལ་བཟང་གི་ཆབ་སྲིད་ལངས་ཕྱོགས་བརྟན་ལ་བློས་གཏོང་གི་བསམ་པ་རྒྱ་ཆེན་ལྡན་པར་མ་ཟད། བློ་གཅིག་སེམས་གཅིག་གིས་དམངས་དོན་གཉེར་བའི་བླ་མེད་སྤྱོད་བཟང་དེར། ང་ཚོ་འདིར་བཞུགས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རེ་རེ་ནས་སློབ་སྦྱོང་བཟང་བོ་བྱེད་དགོས་པ་དང་། དར་སྤེལ་གང་ལེགས་གཏོང་བ། ལག་ལེན་ལ་བསྟར་ཅི་ཐུབ་བྱེད་དགོས་ཟེར།
ཝང་ཅན་ཅོན་གྱིས་བཤད་རྒྱུར། བློ་མཐུན་སྐལ་བཟང་ནི་འབྲོག་དམངས་ཀྱི་ཧྲིན་ཀྲང་དང་མི་དམངས་ཀྱི་ཧྲིན་ཀྲང་ཡིན། ཁོས་མཚོ་སྔོན་ལ་བཅངས་པའི་བརྩེ་བ་དང་མི་དམངས་ལ་བཟུང་བའི་བརྩེ་སེམས། སྐྱེ་ཁམས་ལ་བཅངས་པའི་འགན་འཁྲི། ལྗང་མདོག་ལ་བཟུང་བའི་བློ་ཁོག མི་རབས་ཚ་རྒྱུད་ལ་ཕུལ་བའི་བློས་གཏོང་གི་སྙིང་སྟོབས་བཅས་ལ། ང་ཚོ་ཚང་མས་སློབ་སྦྱོང་བཟང་བོ་དང་དར་སྤེལ་གང་ལེགས་གཏོང་དགོས། ང་ཚོས་བློ་མཐུན་སྐལ་བཟང་མིག་དཔེ་རུ་བཟུང་ནས། ཐུན་མོང་གིས་བློ་མཐུན་སྐལ་བཟང་གི་སྙིང་སྟོབས་རྒྱུན་འཛིན་གང་ལེགས་བྱེད་དགོས་པར་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་བར་མ་ཆད་པའི་ངང་འཛིན་པ་དང་། བར་མ་ཆད་པའི་ངང་རིགས་སོ་སོའི་མི་དམངས་ལ་འབྱོར་ཕྱུག་བསྐྲུན་ཏེ། ཧུར་བརྩོན་ཆེན་པོས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་བ་ཡར་ལྡན་དུ་སྤེལ་དགོས་ཟེར།
ཚོགས་ཞུགས་ཁོངས་མི་རྣམས་ཀྱིས་མགྲིན་གཅིག་ཏུ་བཞེད་རྒྱུར། བློ་མཐུན་སྐལ་བཟང་གིས་མི་ཚེ་གང་བོར་བླ་མེད་སྤྱོད་བཟང་དང་དུ་བླངས་ནས། ཡོད་ཚད་དམངས་ཀྱི་ཆེད་དུ་བློས་གཏོང་བྱས་པ་དེས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དགོངས་སྙིང་སྒྲོག་འགྲེལ་གསལ་ཐག་ཆོད་པ་བྱས་ཡོད་ཅིང་། ཁོ་ནི་ང་ཚོའི་དུས་རབས་ཀྱི་དཔེ་བཟང་དང་མཐོ་སྒང་གི་བསམ་བློའི་རྡོ་རིང་བསྙོན་མེད་ཡིན་ཟེར།
ཚོགས་ཞུགས་ཁོངས་མི་རྣམས་ཀྱིས་མགྲིན་གཅིག་ཏུ་བཞེད་དོན། སྔོན་ཐོན་དཔེ་མཚོན་གྱི་གླེང་ཕྱོགས་བཟང་བོའི་ངོས་ནས། བློ་མཐུན་སྐལ་བཟང་གི་བསམ་བློའི་དགོངས་སྙིང་དང་མི་ཚེ་དོན་ཡོད་དུ་བྱས་པའི་བླ་མེད་རིན་ཐང་རང་རྒྱུད་དུ་ལེན་དགོས་པར་མ་ཟད། ལག་ལེན་དངོས་ཀྱི་ཁྲོད་ནས་ལག་བསྟར་བྱས་ཏེ། གུང་ཁྲན་ཏང་ཡོན་གྱི་བསམ་བློའི་འཚོལ་སྙེག་བརྩི་སྲུང་བྱེད་དགོས། འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་། ཡིད་རྟོན་དང་བབ་གཙང་། འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པ་བཅས་ཀྱི་སྤྱོད་བཟང་རང་རྒྱུད་དུ་ལེན་དགོས། ཐོག་མའི་ཆོད་སེམས་མི་བརྗེད་པར་བྱེད་པ་དང་མུ་མཐུད་མདུན་དུ་སྐྱོད་དགོས་པའི་བགྲོད་ལམ་གསར་བའི་ཁྲོད། ནན་ནན་ཏིག་ཏིག་ངང་བསྒྲུབ་དགོས་པ་བཞིའི་བླང་བྱ་གལ་ཆེན་མཚོ་སྔོན་ནས་རྩ་བ་ཚུགས་ཏེ། རྩེ་མོ་རྣམ་པར་རྒྱས་པར་འབད་དགོས་ཟེར།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་དང་། ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་ཆབ་སྲིད་པུའུ་ཡི་མགོ་ཁྲིད། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭའི་ཏང་ཡོན་ལས་བྱེད་པ་བཅས་མི་བརྒྱད་བརྒྱ་ཐེངས་འདིའི་སྙན་ཞུའི་གྲོས་ཚོགས་སྟེང་ཞུགས།