ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ཏེ། ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་མགོ་ཁྲིད་ཚན་ཁག་དང་ཁོངས་མིའི་ཕུགས་བསམ་ཡིད་རྟོན་དང་ཆབ་སྲིད་སྒྲིག་ཁྲིམས། ཆབ་སྲིད་སྒྲིག་ལམ། སྤྱོད་སྟངས། འགན་འཁྲི་ཁག་ཁུར། རྩ་འཛུགས་འཚོ་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དངོས་འབེབས་དོན་འཁྱོལ་སོགས་ཕྱོགས་དུ་མའི་བསམ་འཆར་བསྡུ་ལེན་བྱས་ཏེ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་དོན་དང་ལྡན་པ་ཞིག་བསྡུ་བར་སྟ་གོན་གང་ལེགས་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་དུ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན། ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་རེ་འགའ། ཞིང་ཆེན་ཐད་གཏོགས་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གྱི་རང་རང་གི་བྱ་བ་དངོས་དང་འབྲེལ་ཏེ། ཐད་ཀར་བརྗོད་སྙིང་ལ་དམིགས་ནས་གཏམ་གླེང་འཁྲུག་ཆ་དོད་པོ་བྱས་པར་མ་ཟད། སྲིད་གཞུང་ལས་ཁུངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་དང་། དམངས་ཆེན་འཐུས་མིའི་གྲོས་གཞིའི་ཚད་གཞི་ཇེ་མཐོར་གཏོང་བ། སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་གཏོང་བ། ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་དང་ནོར་འཁྲུལ་ཡོ་བསྲང་བྱེད་པའི་ལམ་ལུགས་བསྐྲུན་པ། ལེགས་སྒྲིག་བཅོས་སྐྱོང་སོགས་ཀྱི་ཐད་ཁ་གཏད་རང་བཞིན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་བསམ་འཆར་གང་མང་བཏོན། ཝང་ཅན་ཅོན་གྱིས་འགན་ཁུར་བློ་མཐུན་ཚོའི་གཏམ་བཤད་ལ་ཉན་ནས་ཟིན་ཐོར་བཀོད་རྗེས། ཁོ་ཚོ་དང་ལྷན་དུ་བསམ་ཚུལ་བརྗེ་རེས་བྱས་པས། ཚོགས་རའི་བགྲོ་གླེང་གི་མཁའ་དབུགས་འཁྲུག་ཆ་དོད་པོ་ཅན་དུ་གྱུར།
ཝང་ཅན་ཅོན་གྱིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོའི་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོ་ཞིག་བསྡུ་རྒྱུ་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་མགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་ཧུར་ཐག་གིས་སྤེལ་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་བཏོན་པའི་བསམ་འཆར་གྱིས། བློ་མཐུན་རྣམས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་དོ་སྣང་ཆེན་པོ་བྱེད་ཀྱིན་པ་མཚོན་པར་མ་ཟད། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་དང་ཁོངས་མིའི་ལས་དོན་ལ་ཐུགས་ཁུར་དང་རོགས་འདེགས་བྱེད་པ་ཀུན་ནས་མཚོན་པས། དེས་ཕན་འབྲས་ལྡན་པའི་སྒོ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་དྲང་ཕྱོགས་ནུས་ཚད་ཇེ་དྲག་ཏུ་གཏོང་བ་དང་ཚད་ལྡན་ཅན་དུ་གཏོང་བར་སྐུལ་འདེད་བྱས། དེ་ནི་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་གནད་དོན་རྩད་གཅོད་དང་དཔྱད་འཇོག་ཐེར་འདོན། རང་གིས་རང་གི་སྐྱོན་ཆ་ཐེར་འདོན་བྱེད་པ། ལེགས་སྒྲིག་དངོས་འབེབས་བྱ་བ་དམ་པོར་འཛིན་པ་བཅས་ཀྱི་ཐད་ཕན་ཐོགས་ཆེན་པོ་ཡོད་ཟེར།
ཝང་ཅན་ཅོན་གྱིས་བསྟན་དོན། ང་ཚོས་ཀུན་གྱིས་བཏོན་པའི་བསམ་འཆར་ལ་ནན་ཏན་སྒོས་ལེགས་སྒྲིག་བསྡུ་ལེན་བྱས་རྗེས། བསམ་འཆར་དངོས་ཇི་མ་ཇི་བཞིན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་མགོ་ཁྲིད་ཚན་ཁག་དང་ཁོངས་མི་རྣམས་ལ་བཤད་རྒྱུ་ཡིན། སྲིད་གཞུང་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་དང་ཁོངས་མིས་རང་རྟོགས་ཡོད་པའི་སྒོ་ནས་ངོས་འཛིན་བྱེད་པ་དང་། ནན་ཏན་སྒོས་དཔྱད་བསྡུར་ཞིབ་བཤེར་དབྱེ་ཞིབ་གཏོང་བ། མགོ་ཁྲིད་ཚན་ཁག་དང་ཁོངས་མིས་རང་གི་བསྡུར་ཐབས་ཞིབ་བཤེར་རྒྱུ་ཆར་ཉར་ནས། ལེགས་སྒྲིག་བྱེད་ཐབས་གཏན་འབེབས་བཟོ་བར་ཞིབ་འཇུག་གནད་སྨིན་བྱེད་དགོས། སྲིད་གཞུང་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་ཚོགས་འདུའི་གོ་སྐབས་བཟང་བོ་འདི་དམ་འཛིན་བྱས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་ལེན་མཐའ་འཁྱོལ་ཡོང་བར་སྣེ་ཁྲིད་ཡག་པོ་བྱས་མཐར། ནན་ནན་ཏིག་ཏིག་ངང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་ཅན་དང་ཇེ་དྲག་ཅན་དུ་གཏོང་བའི་ཐད་དཔེ་སྟོན་གྱི་ནུས་པ་ཐོན་དགོས་ཟེར།
ཡང་ཧྥིན་ཁྲོན་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས།