མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་དམག་ཁུལ་ཆབ་སྲིད་པུའུ་གཉིས་ཀྱིས་ཉེ་སྔོན་བརྡ་སྦྱོར་བཏང་སྟེ། ས་ཆ་སོ་སོའི་དམག་དཔུང་གིས2017ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་སྐྱོང་དམངས་གཅེས་བྱ་བ་བཟང་བོ་བསྒྲུབ་པ་དང་། གཟིགས་སྐྱོང་བཀོད་སྒྲིག་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མུ་མཐུད་དུ་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོར་འདགེས་བྱེད་པ། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་རྐྱེན་སྲོལ་གསར་གཏོད་བྱེད་པ། དམག་སྲིད་དང་དམངས་དམག་མཐུན་སྒྲིལ་གྱི་རྣམ་པ་བཟང་བོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་དམག་དཔུང་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན།
བརྡ་ཐོའི་ནང་བསྟན་དོན། 2017ལོ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པའི་ལོ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱིས་རྒྱུན་མ་ཆད་པར་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བ་འཕེལ་རྒྱས་སུ་གཏོང་བའི་གནད་འགག་གི་ལོ་ཡང་ཡིན་པས། ལུགས་གསར་རྙིང་ལོ་སར་སྐབས་སུ། ས་ཆ་སོ་སོས་ཧུར་ཐག་གིས་མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གསར་བའི་རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཐད་ཀྱི་དཔེ་ལེགས་མི་སྣ་དང་དེའི་དཔེ་མཚོན་ལག་རྗེས་ཀྱི་དྲིལ་སྒྲོག་བྱ་བ་བཟང་བོ་བསྒྲུབ་པ་དང་། ཁོ་ཚོས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཛུགས་སྐྲུན་དང་དམག་དཔུང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་བཞག་པའི་འབུར་ཐོན་བྱས་རྗེས་དྲིལ་སྒྲོག་བྱེད་པ། དམངས་དམག་སེམས་གཅིག་གིས་བཅོས་བསྒྱུར་ཁྲོད་ཞུགས་པའི་སྤྱི་ཚོགས་སྣང་ཚུལ་བཟང་བོ་བསྐྲུན་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་དེ་སྤྱི་ཚོགས་དར་སྲོལ་བཟང་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།
བརྡ་སྦྱོར་ལས། རིམ་པ་སོ་སོའ་ཏང་སྲིད་མགོ་ཁྲིད་གཙོ་བོ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོས་དངོས་སུ་ཚན་ཆུང་གི་སྣེ་ཁྲིད་དེ། བཅའ་སྡོད་དམག་དཔུང་དང་འཐབ་ཕྱོགས་དང་པོ་རུ་ཡོད་པའི་དཔོན་དམག་ལ་འཚམས་འདྲི་བྱས་ནས། དམག་མི་ཚོར་ཏང་དང་མི་དམངས་ཀྱི་འཚམས་འདྲི་དང་ཐུགས་ཁུར་བརྒྱུད་སྒྲོག་བྱེད་དགོས། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་དབང་བོ་སྐྱོན་ཅན་གྱི་དམག་མི། དམག་དཔུང་ལས་ཕྱིར་བུད་པའི་དམག་མི་རྒན་པ། འཚོ་བར་དཀའ་ཁག་ཡོད་པའི་དམག་དཔུང་ལས་ཕྱིར་བུད་པའི་དམག་མི། དམག་དཔུང་གི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། གཟིགས་སྐྱོང་བྱེད་ཡུལ་གཙོ་བོ་བཅས་ལ་འཚམས་འདྲི་བྱེད་པ་དང་། གཟིགས་སྐྱོང་དངུལ་དང་ཁ་གསབ་རོགས་དངུལ་སོགས་རོགས་དངུལ་སྣ་ཚོགས་སྟེར་བའི་བྱ་བ་བཟང་བོ་བསྒྲུབ་ནས། ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོའི་དཀའ་ངལ་ཐག་གཅོད་དགོས། མང་ཚོགས་རང་བཞིན་དམག་བཀུར་བྱ་འགུལ་སྤེལ་བ་དང་། དུས་ཆེན་སྐབས་ཀྱི་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཐད་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། དམག་སྲིད་དང་དམངས་དམག་གི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། དམག་སྲིད་དང་དམངས་དམག་བར་གྱི་མཐུན་སྒྲིལ་ཇེ་དམ་དུ་གཏོང་དགོས། སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱེད་པ་དང་། སྡེ་ཁག་སོ་སོ་དང་ལས་རིགས་སོ་སོ། སྤྱི་ཚོགས་ཚོགས་ཁག་དང་མི་དམངས་མང་ཚོགས་སོ་སོ་རྩ་འཛུགས་བྱེད་པ། རྣམ་པ་མི་འདྲ་བའི་སྒོ་ནས་དམག་བཀུར་བྱ་འགུལ་སྤེལ་ནས། དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་ཐད་ཀྱི་མང་ཚོགས་ཀྱི་རྨང་གཞི་སྔར་ལས་རྒྱ་བསྐྱེད་དགོས་པའི་རེ་བ་བཏོན།
བརྡ་སྦྱོར་ལས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གིས་དམག་དཔུང་འཛུགས་སྐྲུན་ལ་སྔར་ལས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། དམག་དཔུང་འཛུགས་སྐྲུན་དང་དཔོན་དམག་གི་བྱ་བ་དང་སློབ་སྦྱོང་། འཚོ་བ་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱེད་པ། ཁོ་ཚོའི་གྲོས་གཞི་དང་བསམ་འཆར་བསྡུ་ལེན་བྱེད་པ། ཚད་ཆེས་ཆེ་བའི་སྒོ་ནས་དམག་དཔུང་གི་ལས་རེས་སྦྱོང་བརྡར་དང་གཏན་འཇགས་སྲུང་སྐྱོབ། སློབ་སྦྱོང་འཚོ་བ་སོགས་ཕྱོགས་ཀྱི་དཀའ་ཁག་དངོས་ཐག་གཅོད་བྱས་ཏེ། འགན་སྲུང་བྱ་བ་སྣ་ཚོགས་བཟང་བོ་བསྒྲུབ་དགོས། གཞི་རིམ་རྩ་འཛུགས་སོ་སོས་དམག་བཀུར་ཁྱིམ་སྐྱོང་གི་ཞབས་ཞུ་དྲ་རྒྱའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་སྤུན་ཟླ་དམག་ལ་དྲོད་ཁོལ་སྐྱེལ་དང་ཞབས་ཞུ་སྐྱེལ་བའི་བྱ་འགུལ་སྤེལ་ནས། དཔོན་དམག་ཚོའི་དུས་ཆེན་སྐྱོད་པོ་ཞིག་རོལ་ཐུབ་པར་བྱེད་དགོས། བཅའ་སྡོད་དམག་དཔུང་གིས་གནས་ཚུལ་དངོས་ལ་རྐང་བཙུགས་ནས། རྣམ་པ་མི་འདྲ་བའི་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་རྒྱ་ཆེར་སྤེལ་དགོས། ས་གནས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་དུས་ཆེན་སྐབས་ཀྱི་བདེ་འཇགས་དང་གཏན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོ་བསྒྲུབ་པ་དང་། དམངས་དམག་དང་ཉེན་རྟོག་པའི་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་པ། ལུགས་རྙིང་ལོ་སར་སྐབས་ཀྱི་རླངས་འཁོར་ས་ཚིགས་དང་ཐང་ཆེན་སོགས་མི་མང་འདུ་སའི་སྤྱི་བའི་སྒྲིག་ལམ་སྲུང་སྐྱོབ་བྱས་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་བར་སྤྱི་ཚོགས་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན།
བརྡ་སྦྱོར་ལས་ནན་གྱིས་བསྟན་དོན། དུས་ཆེན་སྐབས་སུ་དམག་དཔུང་ལ་འཚམས་འདྲི་བྱེད་པ་དང་བཞུགས་མོལ་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཀྲུང་དབྱང་གི་བྱ་བའི་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྐོར་གྱི་རེ་བ་ལག་བསྟར་ནན་མོ་བྱེད་པ། དཀའ་གནད་ཐག་གཅོད་དང་དོན་དངོས་བསྒྲུབ་པའི་སྟེང་ཤུགས་བཏོན་ནས། བདེ་འཇགས་སྤྲོ་སྐྱིད་ཀྱི་ལོ་སར་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཟེར།