ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཟི་ལིང་ནས་ཚོགས།
2016.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་ཉེར་དགུ་ཉིན་བར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པ་ཟི་ལིང་ནས་ཚོགས།

གྲོས་ཚོགས་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་མགོ་འཛིན་བྱས། ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཉིས་སྟོང་བཅུ་དྲུག་ལོའི་བྱ་བ་ཡར་ཞུ་བྱས་པ་མ་ཟད། སང་ལོའི་བྱ་བ་བཟང་པོར་བསྒྲུབ་པའི་ཐད་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཝང་ཅན་ཅོན་གྱིས་སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྡོ་རྗེ་རབ་བརྟན་དང་ཀྲང་ཀོང་རོང་། མཱ་ཧྲུན་ཆིན། ཝང་ཞའོ་ཡུང་། ཝང་ཞའོ། ལིས་སུང་ཧྲན། ཀྲང་ཞི་མེན། ཝང་ཡུས་པོ། ཧུའུ་ཁྲང་ཧྲིན་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་བསྡུ་བའི་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། གྲོས་ཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དེ་ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་པར་ཟི་ལིང་ནས་འཚོགས་རྒྱུའི་ཐག་བཅད།

གྲོས་ཚོགས་ནས་བལྟས་ན། ད་ལོར་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་གསུང་བཤད་གལ་ཆེན། མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ལ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ཏེ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་སྤྱིའི་སྙིང་པོ་རྒྱུན་འཁྱོངས་དང་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བཅས་ཀྱི་སྒོ་ནས་གནས་ཚུལ་གསར་བར་ཁྱོན་ཡོངས་ནས་ཞིབ་འཇུག་བྱེད་པ་དང་གནད་དོན་གསར་བ་ཧུར་ཐག་གིས་ཐག་གཅོད་པར་གཙིགས་འཛིན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དམ་པོ་བྱས་པ་དང་། ནན་ནན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བགྲོད་ལམ་གསར་བ་ཧུར་ཐག་གིས་བཏོད་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གསར་བ་སྤོས་པར་འདོད།

ཝང་གོ་ཧྲིན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་ཡར་ཞུ་བྱེད་སྐབས་བཤད་རྒྱུར། ལོ་གཅིག་གི་རིང་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པའི་བརྒྱུད་རིམ་ཁྲོད་དུ། གཙོ་བོ་གཞུང་ལུགས་དྲག་ཆས་དང་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་ཀྱི་དོན་ཆེན་གསུམ་དམ་འཛིན་བྱས་ཏེ། བྱ་བ་གལ་ཆེན་དྲུག་འབུར་དུ་ཐོན་པར་བྱས་ཡོད་དེ། གཅིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་ཟླ་གསུམ་པའི་ཚེས་བཅུ་ཉིན་གྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ནན་ནན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དེ་མི་རྣམས་ཀྱི་སེམས་ཁོངས་སུ་སྔར་ལས་གསལ་བར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་ཀྱི་འགུལ་སྐྱོད་དུ་བསྒྱུར། གཉིས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འདུ་ཤེས་བཞི་བརྟན་པོར་བཅངས་པ་དང་། ལྷག་པར་དུ་སྲོག་ཤིང་གི་འདུ་ཤེས་དང་དཔེ་ལྟའི་འདུ་ཤེས་བརྟན་པོར་བཅངས་པར་ཁྲིད་སྟོན་བྱས། གསུམ། སློབ་གཉིས་བྱེད་གཅིག་གི་སློབ་སྦྱོང་སློབ་གསོ་ནན་གྱིས་སྤེལ་ནས། དོན་དངོས་དང་སྦྲེལ་ནས་བསླབས་པ་དང་ཏན་ཏན་ཏིག་ཏིག་གིས་བསླབས་ཏེ། སློབ་ཀྱི་ཕན་འབྲས་དེ་ཁ་ཕྱོགས་དང་ལངས་ཕྱོགས་ལྟ་བ་མི་འཆོལ་བའི་ཐབས་ཀྱི་ཐད་ནས་མཚོན་པར་བྱས་པ་དང་། བྱེད་ཀྱི་ཕན་འབྲས་དེ་ནན་ནན་ཏིག་ཏིག་བཞི་སྤེལ་བའི་ཐད་ནས་མཚོན་པར་བྱས། བཞི། དབུལ་ཐར་མཁྲེགས་གཏོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་དེ། ད་ལྟ་མཚོ་སྔོན་གྱི་དབུལ་ཕོངས་རྫོང་དྲུག་དང་དབུལ་ཕོངས་སྡེ་བ་བཞི་བརྒྱ། དབུལ་ཕོངས་མི་གྲངས་འབུམ་གཅིག་དང་ཁྲི་གཅིག་བཅས་དབུལ་ཕོངས་ལས་ཐར་བར་བྱེད་པའི་ལོ་གཅིག་གི་དམིགས་འབེན་དང་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད། ལྔ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ལུགས་ཚོད་ལྟ་མྱུར་དུ་སྤེལ་ནས། ཚན་རིག་དང་མཐུན་པར་གླིང་ག་སྐྲུན་པ་དང་སྒོ་འབྱེད་ཀྱིས་གླིང་ག་སྐྲུན་པར་གྲུབ་འབྲས་བླངས་ཡོད་ལ། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། དྲུག གྲོང་ཁྱེར་དང་རྫོང་གི་སྐབས་བརྗེ་བྱ་བ་ཕུན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་ཏེ། འཆར་གཞི་བཟང་པོ་དང་ལས་བྱེད་བཟང་པོ། ཚན་ཁག་བཟང་པོ། རྣམ་པ་བཟང་པོ་བཅས་མངོན་འགྱུར་བྱས། དེ་དང་མཉམ་དུ་ཕྱོགས་སོ་སོའི་བྱ་བ་བཟང་པོར་སྒྲུབ་པར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། མུ་མཐུད་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱས་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་བཏང་ཞིང་། དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བར་ཤུགས་བསྣན་ལ། སྤྱི་ཚོགས་འཛུགས་སྐྲུན་ནན་ནན་ཏིག་ཏིག་གིས་སྤེལ་བ་དང་། བློ་བརྟན་འགྱུར་མེད་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་བཅས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཟེར།

གྲོས་ཚོགས་ནས་ཉིས་སྟོང་བཅུ་བདུན་ལོའི་སྤྱིའི་བྱ་བར་རེ་བ་བཏོན་པ་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པ་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བར་ཁྲིད་སྟོན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་བཅངས་པ་དང་ལག་བསྟར་བྱེད་པ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་སྤྱིའི་སྙིང་པོ་དམ་དུ་འཛིན་པ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པ། ནན་ནན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལ་དམ་དུ་དམིགས་པ། སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྐྱོད་ཁུལ་དང་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཁུལ་བཅས་ཀྱི་འཛུགས་སྐྲུན་བསྟུད་མར་སྤེལ་བ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཧུར་ཐག་གིས་ཟབ་སྤེལ་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། གསར་གཏོད་སྒུལ་ཤུགས་ཧུར་ཐག་གིས་ཟབ་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་ཞན་ཆ་ཧུར་ཐག་གིས་ཁ་གསབ་བྱེད་པ། དམངས་ཚིས་ལ་ཧུར་ཐག་གིས་འགན་སྲུང་དང་ལེགས་བཅོས་བྱེད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཧུར་ཐག་གིས་གཟབ་ནན་དུ་གཏོང་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་སྔོན་བསུ་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། སང་ལོ་དང་རྗེས་ཕྱོགས་ཀྱི་བྱ་བ་བཟང་པོར་བསྒྲུབ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་རྩ་བའི་བསྲུང་བྱར་བརྩིས་ཏེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་ཆེས་གསར་བ་བཀོལ་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནན་ནན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དེ་ང་ཚོས་ངེས་པར་དུ་རྒྱུན་འཁྱོངས་བྱེད་པའི་ཡུན་རིང་གི་ལས་འགན་ལ་བརྩིས་ཏེ། བྱ་བ་སྣ་ཚོགས་བསྒྲུབ་ན་ནན་ནན་ཏིག་ཏིག་བཞི་ལ་དམིགས་ནས་བཀོད་སྒྲིག་དང་སྐུལ་སྤེལ། ཞིབ་བཤེར་བཅས་བྱེད་དགོས། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པ་དེ་ང་ཚོས་ངེས་པར་དུ་དམ་དུ་འཛིན་པའི་བྱ་བའི་སྤྱིའི་སྙིང་པོར་བརྩིས་ཏེ། བརྟན་བརླིང་གི་འགན་འཁྲིའི་འདུ་ཤེས་དང་ཡར་བརྩོན་གྱི་དགོས་གལ་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་སྙིང་པོ་རྒྱུན་འཁྱོངས་བྱས་ཏེ། ནན་ནན་ཏིག་ཏིག་གིས་དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དམིགས་བསལ་དུ་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ནན་ནན་ཏིག་ཏིག་གིས་དམངས་ཚིས་ལ་འགན་སྲུང་ལེགས་བཅོས་བྱེད་པ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ནན་ནན་ཏིག་ཏིག་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་དགོས་ཟེར།

ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན། ནན་ནན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་དངོས་འབེབས་བཟང་པོ་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་གནས་བབ་བཟང་པོ་སྲ་བརྟན་བཟང་པོ་གཏོང་དགོས་ན། ངེས་པར་དུ་ངར་ཤུགས་གཅིག་སྒྲིམ་དང་ཡར་བརྩོན་ལྷོད་མེད། སྤོབས་པ་ཆེར་སྐྱེད། བབ་བསྟུན་མདུན་སྐྱོད་བཅས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སེམས་སུ་གདེང་ཚོད་ཡོད་དགོས་པ་དང་ལུས་ལ་སྟོབས་ཤུགས་ལྡན་དགོས་ཤིང་། མདུན་སྐྱོད་ལ་ཁ་ཕྱོགས་ཡོད་དགོས་པ་དང་། དམིགས་ཡུལ་མ་འགྲུབ་བར་དུ་འབད་བརྩོན་མི་ལྷོད་པར་དཀའ་ངལ་ཁྲི་ཕྲག་ཁྱད་དུ་བསད་ཅིང་སྤོབས་པ་ཆེན་པོས་མདུན་སྐྱོད་བྱས་ནས་ནན་ནན་ཏིག་ཏིག་གི་སྤྱོད་ཚུལ་གྱིས་ནན་ནན་ཏིག་ཏིག་བཞིའི་རེ་བ་དངོས་འབེབས་བྱས་ཏེ་ནན་ནན་ཏིག་ཏིག་གི་ཕན་འབྲས་བླངས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་དགོས་ཟེར།

ཝང་གོ་ཧྲིན་གྱིས་གཏམ་བཤད་སྐབས་ལོ་སར་ཚེས་མགོའི་བྱ་བ་སྣ་ཚོགས་ལ་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་གཞི་རིམ་ལ་སོང་ནས་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ་ཏེ། དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་དཀའ་ངལ་མྱུར་དུ་ཐག་གཅོད་དགོས་པ་དང་། དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དངོས་སུ་སེམས་ཁུར་བྱེད་དགོས། བདེ་འཇགས་ཐོན་ལས་ལ་གཙིགས་འཛིན་བྱས་ཏེ་ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་གྱི་གོ་རིམ་ལ་དམིགས་ནས། ཉེན་ཁ་སྣ་ཚོགས་ལ་ཞིབ་བཤེར་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། དུས་ཆེན་སྐབས་ཀྱི་ཁྲོམ་རའི་མཁོ་འདོན་དང་དངོས་གོང་ཚོད་འཛིན། སྐྱེལ་འདྲེན་རྩ་འཛུགས། མང་ཚོགས་ཀྱི་རིག་གནས་བྱ་འགུལ། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་སོགས་བྱ་བར་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་སྤྲོ་སྐྱིད་ཀྱི་ལོ་ཞིག་སར་ཏུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཡོན་དང་མགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རང་གཅུན་གྱི་གཏན་ཁེལ་སྣ་ཚོགས་བརྩི་སྲུང་ནན་མོ་བྱས་ཏེ། སྲོལ་ངན་རང་རྟོགས་ཀྱིས་འགོག་པ་དང་སྣང་བརྙན་བཟང་པོར་རང་རྟོགས་ཀྱིས་སྲུང་སྐྱོབ་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་གཏམ་བཤད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་རེ་བ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། དགོངས་དོན་རྟོགས་པར་བྱེད་པ་དང་བྱ་བར་བསམ་གཞིགས་གཏོང་བ། ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ་དང་ཆུང་ཕྱོགས་དམ་འཛིན་བཟང་པོ་བྱེད་པ། ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་བྱེད་ཐབས་ལེགས་སྒྱུར་བྱེད་པ། ཆོད་ཉིད་ལ་བརྩི་བཀུར་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་ཚུགས་སྲུང་འཛིན་བྱེད་པ་དང་ནུས་པ་མཐོར་འདེགས་བྱེད་པ། ཕྱི་ཚུལ་ལ་ལྟ་ཞིབ་བྱེད་པ་དང་ངོ་བོ་ཤེས་པར་བྱེད་པ་བཅས་ཀྱི་འབྲེལ་བ་དྲུག་ཐག་གཅོད་བཟང་པོ་བྱས་ཏེ། འགྱུར་ལྡོག་བཞིའི་ལག་ལེན་པ་བྱེད་པ་དང་། འགྱུར་ལྡོག་བཞི་དངོས་འབེབས་བྱེད་པའི་རྐྱེན་སྲོལ་དང་སྒྲིག་ལུགས་མྱུར་དུ་གྲུབ་པར་བྱས་ཏེ། གཞི་ཁྱོན་སྔར་ལས་ཆེན་པོ་ནས་སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཐུན་མོང་ལྟ་བ་དང་བློ་གྲོས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་བྱ་བ་བཟང་པོར་བསྒྲུབ་ན། དམ་པོར་ངེས་དགོས་པ་བཞི་དང་ཟུང་སྦྲེལ་དམ་པོ་བཞིའི་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་ཏེ། ཞིང་ཆེན་གྱི་གནས་ཚུལ་དང་ཁྱད་ཆོས་དམ་པོར་ངེས་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱེད་པ་དེ་ནན་ནན་ཏིག་ཏིག་བཞི་ལག་ལེན་བྱེད་པའི་རེ་བ་གལ་ཆེན་དང་ཟུང་སྦྲེལ་དམ་པོ་བྱེད་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བའི་གཏན་ཚིགས་ཆེན་པོ་དམ་པོར་ངེས་པར་བྱས་ཏེ། ཀྲུང་དབྱང་གི་ཇུས་ཆོད་ལག་བསྟར་བྱེད་པ་དེ་བྱ་བ་གསར་སྐྲུན་བྱེད་པའི་ཐབས་ཤེས་དང་ཟུང་སྦྲེལ་དམ་པོ་བྱེད་དགོས་པ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་སྙིང་པོ་དམ་པོར་ངེས་པར་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་སྲུང་འཛིན་བྱེད་པ་དེ་གནད་འགག་ཁྱབ་ཁོངས་ནས་གྲུབ་འབྲས་གསར་བ་ལེན་པ་དང་ཟུང་སྦྲེལ་དམ་པོ་བྱེད་དགོས་པ། འཕེལ་རྒྱས་ཀྱི་དུས་རིམ་ཁྱད་ཆོས་དམ་པོར་ངེས་པར་བྱས་ཏེ། དགོས་མཁོ་དང་འདོན་སྤྲོད་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱེད་པ་དེ་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ་དང་ཟུང་སྦྲེལ་དམ་པོ་བྱེད་དགོས་པ་བཅས་ཡིན་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྕི་བ་དང་གོ་རིམ་མང་ལ། རེ་བ་མཐོ་བས། གཅིག་གྱུར་གྱིས་བལྟས་ཏེ་གནད་ས་འབུར་དུ་ཐོན་པར་བྱེད་དགོས། གཅིག ཁྱབ་ཁོངས་གལ་ཆེན་དང་གནད་འགག་གོ་རིམ་གྱི་བཅོས་སྒྱུར་བསྟུད་མར་ཟབ་སྤེལ་བྱེད་དགོས། གཉིས། གསར་སྐྲུན་སྐུལ་ཁྲིད་ཀྱི་བྱ་བ་གཙོ་བོ་འདི་བསྟུད་མར་བཟང་པོར་བསྒྲུབ་དགོས། གསུམ། བཟོ་སྐྲུན་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་བསྟུད་མར་བཟང་པོར་འཛིན་དགོས། བཞི། ནུས་ལྡན་གྱི་དངུལ་གཏོང་བསྟུད་མར་རྒྱ་བསྐྱེད་དགོས། ལྔ། ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྟུད་མར་སྐྱོད་དགོས། དྲུག དམངས་ཚིས་ལ་བསྟུད་མར་འགན་སྲུང་དང་ལེགས་བཅོས་བྱེད་དགོས། བདུན། གཅིག་གྱུར་མཐུན་སྦྱོར་ལ་བསྟུད་མར་ཤུགས་སྣོན་དགོས་ཟེར།

གྲོས་ཚོགས་ནས་ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སྣེ་ཁྲིད་བྱས་ནས། བསམ་བློ་སྔར་ལས་བཅིངས་འགྲོལ་གཏོང་བ་དང་སྔར་ལས་དངོས་འཛིན་བདེན་སྒྲུབ་བྱེད་པ། སྔར་ལས་ཡར་བརྩོན་ལྷོད་མེད་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བ་མུ་མཐུད་དུ་བླངས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་བསྡུ་བར་སྔོན་བསུ་བྱེད་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་མཚམས་འཇོག་པ་དང་འཐུས་མིའི་ལས་འགན་ལག་བསྟར་བྱེད་མཚམས་འཇོག་པའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

གྲོས་ཚོགས་ནས་ད་དུང་གྲོང་ཁྱེར་དང་ཁུལ། འབྲེལ་ཡོད་སྡེ་ཁག་གི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་གཞི་རིམ་ཏང་འཛུགས་དམ་འཛིན་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་དང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པའི་ཐད་ནས་ཡར་ཞུ་བྱས་པ་དང་། དེར་གདེང་འཇོག་དང་དཔྱད་སྡུར་བྱས།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཀྲུའུ་རིན་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམག་ཁུལ་གྱི་སྲིད་ཨུ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྲིད་དཔོན་རིགས་གཙོ་བོ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི། གྲོང་ཁྱེར་དང་ཁུལ་སོ་སོ་དང་ན་གོར་མོ་གྲོང་ཁྱེར་གྱི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་ཡོད་པའི་ཀྲུང་དབྱང་གི་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།