2016ལོའི་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་སྔ་གཞུག་ཏུ་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལྟེ་གནས་དང་བཞི་མདོ་ཆེན་མོའི་སྣ་འཛོམས་ཚོང་ཁང་དུ་སོང་ནས། ཟི་ལིང་གི་དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་འདོན་དང་ཟས་རིགས་ཀྱི་རིན་གོང་། བདེ་འཇགས་ཐོན་སྐྱེད་སོགས་བྱ་བར་ཞིབ་བཤེར་བྱས།
མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་ཉོ་ཚོང་ལྟེ་གནས་སུ། ཝང་གོ་ཧྲིན་གྱིས་ཞིང་ཞོར་ཐོན་རྫས་ཀྱི་ཐོན་ཁུངས་དང་རིན་གོང་། ཚོང་ཚད་སོགས་ཐད་ནས་རེ་རེ་བཞིན་རྒྱུས་ལོན་ཞིབ་མོ་བྱས། ཁོས་བཤད་རྒྱུར། མཁོ་འདོན་ལ་འགན་སྲུང་བྱེད་པ་དང་། དངོས་གོང་གཏན་འཇགས་བྱེད་རྒྱུ་ནི་མང་ཚོགས་ཐུན་མོང་གི་སེམས་འདུན་ཡིན་པས། ཚོང་རའི་དངོས་གོང་དོ་དམ་ལ་ཤུགས་སྣོན་པ་དང་། དཀའ་ཁག་མང་ཚོགས་ཀྱི་ཁ་གསབ་སྣ་ཚོགས་ལག་བསྟར་བཟང་བོ་བྱེད་པ། མུ་མཐུད་དུ་གོང་བདེ་སྔོ་ཚོད་དང་ཕྱེ་སྣུམ། ལུག་ཤ་དང་སྐམས་ཤའི་ཚོང་ཚད་ཇེ་མང་དུ་གཏོང་བ། མང་ཚོགས་ཀྱི་འཚོ་བ་འབྲེལ་བ་དམ་ཟབ་ཡོད་པའི་འཛད་སྤྱོད་ཐོན་རྫས་ཀྱི་རིན་གོང་གཏན་འཇགས་སུ་གཏོང་དགོས་ཟེར། ཝང་གོ་ཧྲིན་གྱིས་ད་དུང་ཚོང་རའི་ལས་བྱེད་མི་སྣས་ཚོང་རའི་ལྟ་སྐུལ་དོ་དམ་དང་ཚོང་རྫས་ཀྱི་རྒྱུ་སྤུས་ལྟ་ཞིབ་ལ་ཤུགས་སྣོན་པ་དང་། རྒྱུ་སྤུས་བདེ་འཇགས་ཀྱི་འགག་སྒོ་དམ་སྲུང་བྱས་ནས། མང་ཚོགས་ཀྱི་སེམས་བདེ་ཟས་རིགས་དང་དངོས་པོ་ཉོ་ཐུབ་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
དེའི་རྗེས་ཝང་གོ་ཧྲིན་བཞི་མདོ་ཆེན་མོའི་སྣ་འཛོམས་ཚོང་དུ་སོང་ནས། སྔོ་ཚོད་དང་ཟས་རིགས་བཙོས་མ། ཕྱེ་སྣུམ་སོགས་ཚོང་རྫས་ཀྱི་ཕྱི་ཤོག་དང་རིན་གོང་ལ་བལྟས་པ་དང་། བྲེལ་མྱུར་ངང་ལས་ཀ་བསྒྲུབ་བཞིན་པའི་ཞབས་ཞུ་བ་དང་གླེང་མོལ་བྱས་པ་མ་ཟད། ཁེ་ལས་ཀྱིས་འགན་ཁུར་མི་སྣར་ཉོ་ཚོང་མཉམ་ལས་སྤེལ་བ་དང་། ཐོན་ཚོང་སྦྲེལ་མཐུད་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཚོང་རའི་མཁོ་འདོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མཁོ་འདོན་ལ་འགན་སྲུང་བྱས་ཏེ། ཐོན་སྐྱེད་ཚད་ལོངས་པར་བྱེད་པ་དང་། ཚོང་སྒྲོམ་སྟེང་ཚོང་རྗས་ཀྱི་གང་བ། རིན་གོང་གཏན་འཇགས་ཡིན་པ། མིའི་སེམས་བདེ་བར་བྱེད་དགོས་པའི་རེ་བ་བཏོན།
ཝང་ཞོ་དང་ཝང་ཡུས་པོ་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།