2016ལོར། མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་འབུམ་གཅིག་དབུལ་ཐར་བྱས།
2017.01.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 4

2016ལོར། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་དེ་དོན་དག་གལ་ཆེན་དང་དམངས་ཚིས་བཟོ་སྐྲུན་དང་པོ་རུ་བརྩིས་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་མཁྲེགས་གཏོར་བྱས་མཐར། 2016ལོའི་ལོ་མཇུག་ཏུ། མཚོ་སྔོན་གྱི་དབུལ་ཕོངས་རྫོང་དྲུག་གི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ་བཞི་བརྒྱ་དབུལ་ཕོངས་ཀྱི་མིང་ཁྲོད་ནས་ཕྱིར་བུད་ལ། དབུལ་ཕོངས་མི་གྲངས་འབུམ་གཅིག་དབུལ་ཐར་བྱས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས།
དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་ཆེད། མཚོ་སྔོན་ཞིང་ཆེན་གྱིས་གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཕྱོགས་བསྡུས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་ཁེབས་རྒྱ་ཆེ་བའི་དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་མ་ལག་གཏན་འབེབས་བྱས་པ་དང་། དབུལ་ཕོངས་མིང་ཁྲོད་ནས་ཕྱིར་འབུད་པ་དང་ལྟ་ཞིབ་རྩིས་ལེན་བྱེད་པའི་ལག་བསྟར་ཇུས་གཞི་བཟོས་ཏེ། དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱེད་པ་དང་། དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ་དབུལ་ཕོངས་མིང་ཐོའི་ཁྲོད་ནས་ཕྱིར་འབུད་པའི་ཚད་གཞི་གཏན་ཁེལ་གསལ་བོ་བྱས་པ་དང་། ལག་བསྟར་རྒྱུད་རིམ་ཚད་ལྡན་དང་འཐུས་ཚང་དུ་བཏང་།

ཐོན་ལས་དབུལ་སྐྱོར་ལས་གཞི་ཕྱོགས་ནས། ཁྱིམ་ཚང་དུ་ཐོན་ལས་ལས་གཞི་ཡོད་པ་དང་། སྡེ་བ་རུ་ཐུན་མོང་དཔལ་འབྱོར་ཡོད་པ། རྫོང་དུ་ཐོན་ལས་ར་བའི་ཁུལ་ཡོད་པའི་གནས་གསུམ་གཞི་གཅིག་གི་དབུལ་སྐྱོར་ཐོན་ལས་ཀྱི་འཕེལ་རྒྱས་བསམ་ལམ་གཞིར་བཟུང་ནས། དབུལ་ཕོངས་མང་ཚོགས་འབུམ་གཅིག་དང་ཁྲི་དྲུག་སྟོང་གཉིས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱས་པ་དང་། དབུལ་སྐྱོར་ཐོན་ལས་ར་བ་བཅུ་འཛུགས་སྐྲུན་བྱས་ལ། སྡེ་བ་ལྔ་བཅུའི་གནས་སྐོར་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས། ཡུལ་གཞན་དབུལ་སྐྱོར་གནས་སྤོར་ལས་གཞི་ཐད་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་བྱེ་བ་གསུམ་བཏང་སྟེ། ཁྱིམ་ཚང་ཁྲི་གཉིས་སྟོང་གཅིག་དང་མི་གྲངས་ཁྲི་བདུན་དང་སྟོང་བརྒྱད་དང་འབྲེལ་བའི་ལོ་ཧྲིལ་བོའི་གནས་སྤོར་ལས་གཞི་ཡོངས་སུ་ལག་བསྟར་འཛུགས་སྐྲུན་བྱེད་མགོ་བརྩམས་པ་མ་ཟད། སྡོད་ཁང་འཛུགས་སྐྲུན་གྱི་སྤྱིའི་བཟོ་སྐྲུན་གྱི་བརྒྱ་ཆའི་དོན་གསུམ་ལེགས་འགྲུབ་བྱུང་ཡོད།

2016ལོའི་ཟླ་བཞི་བར། ཞིང་ཆེན་ཡོངས་ཀྱི་ས་གཞན་དུ་སོང་ནས་ལས་ཞུགས་བྱེད་པའི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི་དང་སྨན་བཅོས་འགན་སྲུང་ཐད་ཀྱི་མྱུར་སྐྱོབ་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པ་དང་། དབུལ་ཕོངས་མི་གྲངས་ཀྱི་ནད་བཅོས་བྱེད་སྐབས་གཅིག་འཕྲི་བདུན་མེད་དང་སྨན་བཅོས་གནད་ཕིགས་དབུལ་སྐྱོར་ཐད་ཀྱི་ཁེབས་པ་བཅུའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། དབུལ་ཕོངས་མི་གྲངས་ཀྱི་ནད་བརྟག་སྨན་བཅོས་ཐད་ཀྱི་འགན་ཁུར་ཇེ་ཡང་དུ་བཏང་། སྦྲང་ཆར་འཆར་གཞི་ལག་བསྟར་བྱས་ནས། དབུལ་ཕོངས་མི་གྲངས་ཀྱི་སྤྱི་ཕན་རང་བཞིན་གྱི་སྐྱེ་ཁམས་དོ་དམ་པའི་ལས་གནས་ཁྲི་གཅིག་དང་སྟོང་བཞི་ལྔ་བརྒྱ་ཁ་སྣོན་བྱས་པ་དང་། དབུལ་ཕོངས་མང་ཚོགས་ཀྱི་སྐྱེ་ཁམས་དོ་དམ་པའི་སྤྱི་ཕན་ལས་གནས་ཁྲི་གཅིག་སྟོང་བརྒྱད་བརྒྱད་བརྒྱ་རུ་བསླེབས་ལ། མི་རེའི་ལོའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་།